Donate

རྒྱ་ནག་གཞུང་གིས་པགས་རིགས་རྒྱན་གོས་མེར་སྲེག་གི་ལས་འགུལ་འགོག་ཐབས།

ཕྱི་ལོ་ ༢༠༠༦ ཟླ་ ༤ ཚེས་ ༢༨ ཉིན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་བོད་སྐད་སྡེ་ཚན་ནས་གནས་ཚུལ་སྤེལ་གསལ་ལྟར་ན་མཚོ་སྔོན་བརྙན་འཕྲིན་ལས་ཁུངས་ཀྱིས་བོད་རིགས་ལས་བྱེད་ཚོར་གཅན་གཟན་པགས་པའི་མཐའ་རྒྱན་ཡོད་པའི་བོད་ཆས་གྱོན་དགོས་པའི་བཀའ་བཏང་ཡོད་སྐོར་ཨེ་ཤ་ཡ་རླུང་འཕྲིན་ཁང་གིས་མཚོ་སྔོན་རླུང་འཕྲིན་ཁང་གིས་མི་སྣ་ཞིག་ལ་ཁ་པར་བརྒྱུད་དྲི་བ་དྲིས་སྐབས། ལི་ཐང་།མཚོ་སྔོན་བརྙན་འཕྲིན་ལས་ཁུངས་སུ་མཚོ་སྔོན་དྲིལ་བསྒྲགས་ལས་ཁུངས་ཀྱི་འགོ་ཁྲིད་ཅིག་དང༌། འཐབ་ཕྱོགས་གཅིག་འགྱུར་གྱི་ལས་བྱེད་རིན་ཆེན་རྒྱལ་གཉིས་ཀྱིས་བརྙན་འཕྲིན་རྒྱང་བསྲིང་བྱེད་སྐབས་ལས་བྱེད་ཚོས་གོས་ཀྱི་མཐའ་རྒྱན་དུ་པགས་རིགས་ཡོད་པའི་བོད་ཆས་ངེས་པར་དུ་གྱོན་དགོས་ལུགས་བཤད་འདུག

སྐབས་དེར་ལས་བྱེད་ཚོས་ང་ཚོར་པགས་རིགས་ཀྱི་མཐའ་ཤན་ཅན་གྱི་བོད་ཆས་མེད་ཅེས་བཤད་སྐབས། དེའི་སྐོར་ལ་དོ་སྣང་བྱེད་དགོས་པ་རེད། འདི་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་ཀྱང་རེད། གལ་སྲིད་ཁྱེད་ཚོར་སྲམ་ལྤགས་མེད་ན་ཉོ་དགོས་པ་རེད་ཅེས་རྒྱ་མིའི་སྒོར་མོ་ཆིག་ཁྲི་རེ་འཕྲལ་དུ་སྤྲད་ཡོད་པ་རེད་ཅེས་ལན་འདེབས་བྱས་ཡོད་པ་དང༌། གནད་དོན་དེའི་སྐོར་མཚོ་སྔོན་བརྙན་འཕྲིན་ཁང་གི་འགན་འཛིན་རྒྱ་རིགས་ཤིག་ལ་གོང་གསལ་གསར་ཁང་ནས་ཞལ་པར་ཐོག་སྐད་ཆ་དྲིས་པར་བོད་པ་ཚོས་དུས་རྒྱུན་བོད་ཆས་གྱོན་དུས་མཐའ་ཤན་ལ་སེམས་ཅན་གྱི་པགས་པའི་རིགས་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད།

ང་ཚོས་དེ་དག་མུ་མཐུད་ནས་བེད་སྤྱོད་བྱས་ན་ཡག་པོ་མཐོང་གི་ཡོད་པ་རེད་ལ་མི་མང་གིས་ཀྱང་བརྙན་འཕྲིན་བཤད་མཁན་ཚོའི་གྱོན་གོས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད་ཅེས་དང༌། བརྙན་འཕྲིན་ལས་བྱེད་ཚོར་དངུལ་སྤྲད་པ་དེ་བདེན་པ་རེད། ཁོང་ཚོའི་བོད་ཆས་དེ་དག་རྙིང་པ་ཆགས་ནས་གསར་པ་ཉོ་རྒྱུར་དགོས་དངུལ་ལྡེང་ངེས་མེད་པ་དང༌། དེ་བཞིན་ང་ཚོ་གཞུང་གི་མགྲིན་ཚབ་པ་ཞིག་ཡིན་པར་བརྟེན། འཐབ་ཕྱོགས་གཅིག་འགྱུར་ལས་ཁུངས་ནས་རོགས་རམ་བྱས་པ་ཞིག་རེད་ཅེས་ལན་འདེབས་བྱས་ཡོད་པ་ཡོད་པ་རེད།

རྒྱ་གཞུང་གིས་ཕྱོགས་གཅིག་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང༌། བོད་ནང་དུ་ཁོར་ཡུག་སྲུང་སྐྱོབ་དང་སྟོངས་ལ་ཉེ་བའི་སེམས་ཅན་སྲུང་སྐྱོབ་བྱེད་དགོས་པའི་ཁྲིམས་གཞི་ཁག་ལག་བསྟར་བྱས་དང་བྱེད་བཞིན་ཡོད་ཅེས་ཕྱིར་བསྒྲགས་བྱེད་བཞིན་ཡོད་ནའང༌། ཕྱོགས་གཞན་ཞིག་ནས་མང་ཚོགས་ནང་དང་བླངས་ཀྱིས་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་པགས་རིགས་བེད་སྤྱོད་མི་བྱེད་རྒྱུའི་ལས་འགུལ་སྤེལ་བ་ལ་བཀག་སྡོམ་ཤུགས་ཆེ་བྱེད་བཞིན་ཡོད་པ་མཚོན། ཁ་དོན་མི་མཚུངས་པའི་ལས་ཀ་བྱེད་བཞིན་ཡོད་པ་མ་ཟད། གནད་དོན་འདི་ལ་བརྟེན་ནས་བོད་མི་མང་པོ་འཛིན་བཟུང་དོ་དམ་ཡང་བྱས་ཡོད་པ་རེད། དེ་བཞིན་བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༡༣༥ ནང་གསལ་བ་ལྟར་ན། བོད་ནང་གི་ཁམས་སྐྱེ་རྒུ་མདོའི་ས་ཁུལ་དུ་ལོ་འཁོར་རྟ་རྒྱུག་དུས་ཆེན་ཞིག་ཚུགས་རྒྱུར་གྲ་སྒྲིག་བྱེད་བཞིན་པའི་སྐབས། ཁུལ་དེའི་རྒྱ་ནག་གཞུང་གི་ས་གནས་འགོ་འཛིན་པས་ཡུལ་མི་ཚོར་ད་རེས་དུས་སྟོན་སྐབས་པགས་རིགས་གྱོན་གོས་གཟབ་འཕྱོར་བྱ་དགོས་པའི་སྐོར་བཤད་ཡོད་པ་སོགས་གསལ་འདུག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༡༢༡ ནང་གསལ་ལྟར་ན། ཕྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༢༥ ཉིན་སྒ་སྐྱེ་རྒུ་མདོ་རུ་སྐབས་ལྔ་པའི་ཁམས་པའི་རིག་གནས་ཡུལ་སྐོར་སྤྲོ་གསེང་དུས་ཆེན་སྐབས་ས་ཁུལ་དེར་ཡོད་པའི་རྒྱ་གཞུང་འཐབ་ཕྱོགས་གཅིག་འགྱུར་ལས་ཁུངས་ནས་བརྡ་ཐོ་ཞིག་བཀྲམས་པའི་ནང་དུ་དུས་ཆེན་སྐབས་པགས་རིགས་རྒྱན་གོས་གྱོན་དགོས་པའི་བཀའ་བཏང་ཡོད་པ་རེད།

བརྡ་ཐོ་དེའི་མགོ་བརྗོད་དུ་“བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱན་གོས་འདི་བོད་རིགས་དང་མཉམ་དུ་གནས་དགོས་པ་ལས་བོད་རིགས་ཀྱི་སྔོན་ལ་མེད་པར་གཏོང་མི་རུང་”ཞེས་འཁོད་ཡོད་པ་དང༌། ད་དུང་རྒྱལ་པོ་བཀའ་ཐང་དང༌། གེ་སར་གྱི་སྒྲུང༌། གཏམ་དཔེ་སོགས་མང་པོ་ནས་ལུང་འདྲེན་བྱས་ཏེ་པགས་རིགས་ཀྱི་རྒྱན་གོས་ནི་ལོ་ངོ་སྟོང་ཚོ་མང་པོའི་སྔོན་ནས་ལུགས་སྲོལ་དེ་ཡོད་པ་ཞིག་ཡིན་ཚུལ་དང༌། མཇུག་ཏུ་“ང་ཚོ་བོད་མི་ཚོས་ད་ལོའི་ཡུལ་སྐོར་སྤྲོ་གསེང་དུས་ཆེན་གྱི་སྐབས་སུ་ཏང་དང་སྲིད་གཞུང་གི་བཀའ་སློབ་ལ་བརྩི་སྲུང་སྒོས་རང་ཉིད་ཁྱད་ཆོས་ལྡན་པའི་རྒྱན་གོས་གྱོན་ནས་ཡུས་ཧྲུའུ་པས་བོད་མི་རིགས་ཀྱི་རྒྱན་ཆས་ཐད་ཀྱི་མགོ་སྣ་ལེན་པར་འཚལ་”ཞེས་འཁོད་ཡོད་པ་རེད། གང་ལྟར་ཡུལ་ཤུལ་ཁུལ་གྱི་མི་དམངས་རྣམས་དུས་ཆེན་དེའི་སྐབས་སྟག་གཟིག་སྲམ་གསུམ་གྱི་པགས་པའི་རྒྱན་གོས་གྱོན་དགོས་པའི་བརྡ་ཁྱབ་བཏང་ཡོད་པ་རེད་སོགས་གསལ་འདུག

པགས་གོས།ཕྱི་ལོ་ ༢༠༠༧ ཕྱི་ཟླ་ ༣ ཚེས་༥ ཉིན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༠༦ ལོའི་བོད་ཀྱི་ལོ་གསར་ཚེས་ ༢ ཉིན་ལྷ་སའི་བར་སྐོར་ནང་བོད་མི་སྟག་གཟིག་གི་རྒྱན་གོས་གྱོན་མཁན་གཉིས་ལ་བར་སྐོར་ནང་གི་བོད་མི་ཚོས་མི་འདོད་པའི་རྣམ་འགྱུར་བསྟན་ཏེ་ཁ་རྩོད་ཤོར་བ་དང་སྦྲགས་མི་མང་གིས་ཁོང་གཉིས་ལ་ཉེས་རྡུང་བཏང་སྟེ་སྨན་ཁང་ལ་འགྲོ་དགོས་བྱུང་ཡོད་འདུག

དེའི་ཉིན་ཉེན་རྟོག་པས་མི་མང་འཇུ་བཟུང་བྱེད་ཐུབ་མེད་ནའང༌། ལོ་གསར་ཚེས་ ༤ ཉིན་མི་གཅིག་གི་གཟིག་ལྤགས་ཀྱི་རྒྱན་གོས་གྱོན་ནས་བར་སྐོར་ནང་སླེབས་སྐབས་བོད་མི་ཚོས་སྔར་བཞིན་མི་འདོད་པའི་རྣམ་འགྱུར་བསྟན་ཏེ། འཁྲུག་འཛིང་ཤོར་སྐབས་མི་དེ་ནི་ཉེན་རྟོག་པ་ཞིག་གིས་ཆེད་དུ་གཟིག་ལྤགས་གྱོན་ནས་མྱུལ་ཞིབ་ཏུ་ཡོང་བ་ཡིན་པར་བརྟེན། སྒྲིག་ཆས་གོན་མེད་པའི་ཉེན་རྟོག་པ་མང་པོའི་ལག་ཏུ་མེ་མདའ་དང༌། ལག་ལྕགས། གློག་རྒྱུག་སོགས་ཁྱེར་ནས་གྲ་སྒྲིག་བྱས་ཡོད་འདུག སྐབས་དེར་བོད་རིགས་༡༤ ཙམ་ལ་ཉེས་རྡུང་བཏང་བ་དང༌། ཆབ་སྲིད་ཀྱི་དོགས་གཞི་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག རྗེས་སུ་མི་དེ་རྣམས་ལ་ནང་མི་སོགས་ཀྱི་ཐུག་འཕྲད་བྱེད་མི་ཆོག་པ་མ་ཟད་གར་ཡོད་ངེས་མེད་དུ་གྱུར་ཡོད་པ་གསལ་ཡོད།

དེ་བཞིན་ཕྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༣༡ ཉིན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་བརྒྱུད་ནས་རྩོམ་པོ་འོད་ཟེར་ལགས་ཀྱི་བོད་པ་ཚོ་པགས་རིགས་གོས་རྒྱན་གྱོན་དགོས་པའི་རྒྱ་ནག་གཞུང་གི་དངོས་ཤུགས་བརྒྱུད་གསུམ་ནས་ཤུགས་སྣོན་རྒྱག་གི་ཡོད་པའི་སྐོར་གྱི་ཆེད་རྩོམ་ཞིག་རྒྱང་བསྲིངས་བྱས་དོན་ལྟར་ན། “ཕྱི་ཟླ་ ༧ ཚེས་ ༢༥ ཉིན་སྐྱེ་རྒུ་མདོ་ཁུལ་དུ་ཁམས་པའི་སྒྱུ་རྩལ་དུས་ཆེན་དབུ་འབྱེད་མཛད་སྒོ་ཚོགས་ཡོད་པ་དང༌། སྐབས་དེའི་དུས་གཞས་སྣ་འཁྲབ་སྟོན་པ་རྣམས་ཀྱིས་སྟག་ལྤགས་དང༌། གཟིག་ལྤགས་ཀྱི་རྒྱན་གོས་གྱོན་ཡོད་པ་དང༌། ཉེན་རྟོག་པ་བཅུ་གྲངས་ཤིག་གིས་ཁོང་ཚོའི་སྐུ་སྲུང་ལྟ་བུར་བསྲུངས་ནས་བསྡད་འདུག

རྒྱ་ནག་ནང་ཁུལ་གྱི་གསར་འགོད་བརྒྱུད་ལམ་གྱི་དཔར་པ་ཚོས་འཚང་ཁའི་སྔོན་དུ་ཡོང་ནས་འཁྲབ་སྟོན་པ་ཚོ་དཔར་རྒྱག་ཐབས་བྱེད་ཀྱི་འདུག འཁྲབ་སྟོན་པ་ཚོའི་གྱོན་ཆས་དེས་བོད་ཀྱི་ཆས་གོས་ཀྱི་ཚབ་བྱེད་ཐུབ་པ་དང༌། ཡང་ན་བོད་མིའི་བདེ་སྐྱིད་ཀྱི་འཚོ་བ་མངོན་གྱི་ཡོད་པ་ལྟ་བུ་བྱེད་ཀྱི་འདུག ཉེ་བའི་ལོ་ཤས་ནང་སྟག་ལྤགས་གཟིག་ལྤགས་ཀྱི་རྒྱན་གོས་གྱོན་དགོས་པའི་དར་སྲོལ་ངན་པ་དེ་བོད་ཀྱི་རིག་གཞུང་ལ་རྒྱུས་མངའ་མེད་པའི་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་དུ་ཆེད་མངགས་སམ་ཆེད་མངགས་མ་ཡིན་པའི་ཚད་ལས་བརྒལ་བའི་དྲིལ་བསྒྲགས་དེ་དང་ཁ་བྲལ་ཐབས་མེད་པ་རེད།

སྐྱེ་རྒུ་མདོ་ཁུལ་གྱི་འཁྲབ་སྟོན་པ་མི་སྣ་ལྔ་བརྒྱ་བརྒྱད་ཅུ་ལས་གྲུབ་པ་དེ་ལས་ཁུངས་ཁག་གིས་ཆེད་གཏོང་བྱས་པའི་ལས་བྱེད་དང༌། སློབ་མ་ཚོ་ཡིན་པ་དང༌། གུས་མོས་སློབ་མ་ཞིག་ལ་སྐད་ཆ་དྲིས་སྐབས། ཁོང་གིས་སེམས་འཕངས་པའི་ངང་བརྗོད་དོན། དེ་ནི་ཆབ་སྲིད་ཀྱི་ལས་འགུལ་ཞིག་ཡིན་པ་དང༌། གྱོན་ཆས་དེ་མ་གོན་ན་ཆབ་སྲིད་ཀྱི་ཉེས་ཅན་པ་རེད་ཅེས་དང༌། ཆབ་སྲིད་ཀྱི་ཉེས་ཅན་པ་ཟེར་བ་དེ་ཕལ་ཆེར་ཐལ་ཆ་ཆེ་དྲགས་ཡིན་སྲིད།

ཡིན་ནའང་ས་གནས་ཀྱི་མི་ཚང་མས་བརྗོད་དོན། འཁྲབ་སྟོན་ནང་མཉམ་ཞུགས་བྱེད་མཁན་གྱི་ལས་བྱེད་ཚོས་རི་དྭགས་ཀྱི་པགས་རིགས་རྒྱན་གོས་མ་གྱོན་ཚེ་ལས་ཀ་ནས་ཕྱིར་འབུད་བྱེད་རྒྱུ་ཡིན་པ་བརྗོད་མཁན་འདུག་ལ། འཁྲབ་སྟོན་ནང་མཉམ་ཞུགས་བྱེད་མཁན་གྱི་ཞིང་འབྲོག་མང་ཚོགས་ཀྱིས་གྱོན་ཆས་དེའི་རིགས་མ་གྱོན་ཚེ་ཕྱི་ཟླ་ ༦ པ་དང༌། ༧ པའི་ནང་སྦྱོང་བརྡར་བྱེད་སྐབས་ཀྱི་ཉིན་རེའི་གླ་ཆ་སྤྲོད་རྒྱུ་མིན་པ་དང༌། པགས་རིགས་ཀྱི་རྒྱན་གོས་མ་གོན་ན་དངུལ་གྱི་ཉེས་པ་གཏོང་གི་རེད་ཅེས་བརྗོད་མཁན་ཡང་འདུག

མངོན་གསལ་དོད་པོ་ཞིག་ལ་དེ་ནི་སྟབས་བདེའི་གྱོན་ཆས་ངོམ་པའི་འཁྲབ་སྟོན་ཞིག་མ་ཡིན་པར། དེ་ནི་ཆབ་སྲིད་ཀྱི་རྣམ་འགྱུར་དང༌། དཔོན་རིགས་ཚོས་ཞིབ་བཤེར་དང་དཔྱད་བསྡུར་བྱས་ཏེ། པགས་རིགས་ཀྱི་བརྒྱན་པའི་གྱོན་ཆས་གྱོན་ཡོད་མེད་དེ། ས་གནས་ཀྱི་འགན་འཁུར་པ་ཚོར་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད་མེད་ཀྱི་ཆབ་སྲིད་ཀྱི་ལྟ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

མང་ཚོགས་ཀྱི་ནང་པགས་རིགས་ཀྱི་རྒྱན་གོས་གྱོན་མཁན་ཧ་ཅང་ཉུང་བ་དང༌། གུས་མོས་བརྟག་དཔྱད་བྱས་ནས་བོད་མི་བཅུ་གྲངས་ཤིག་ལ་པགས་རིགས་ཀྱི་རྒྱན་གོས་མི་གྱོན་པ་ཅི་ཡིན་དྲིས་པར། ཁོང་ཚོས་ལན་འདེབས་ཚང་མ་ྋསྤྱི་ནོར་གོང་ས་མཆོག་གིས་སྟག་ལྤགས་གཟིགས་ལྤགས་ཀྱི་རྒྱན་གོས་དོར་དགོས་པའི་བཀའ་སློབ་གནང་བ་དང་འབྲེལ་བ་ཡོད་པ་རེད་འདུག ད་ལྟའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ཐོག་སྟག་ལྤགས་གཟིག་ལྤགས་ཀྱི་གྱོན་ཆས་གྱོན་མཁན་སྔོན་དང་བསྡུར་ན་མངོན་གསལ་དོད་པོས་ཧ་ཅང་ཉུང་དུ་སོང་འདུག

ཕྱི་ཟླ་ ༧ ཚེས་ ༢༩ ཉིན་དུས་སྟོན་མཇུག་བསྡུའི་སྐབས། ལྟད་མོ་ལྟ་མཁན་ནང་དུ་སྟག་ལྤགས་དང་གཟིག་ལྤགས་གྱོན་མཁན་ཚོ་ངོ་ཚ་ཡི་མི་འདུག་གམ་ཞེས་སྐད་འབོད་བྱེད་མཁན་འདུག གུས་མོས་བདེ་སྲུང་གི་འགན་འཁུར་མཁན་དམག་མི་གསུམ་ལ་སྐད་ཆ་བཤད་སྐབས། ཁོང་ཚོས་ཀྱང་བློ་ཁོག་ཆེན་པོས་ངང་ྋགོང་ས་མཆོག་གིས་འབོད་སྐུལ་གནང་བ་དེ་མི་རིགས་ལ་དགའ་ཞེན་དང༌། སྐྱེ་དངོས་སྲོག་ཆགས་ལ་བརྩེ་དུང་གནང་བ་ཞིག་རེད་ཅེས་བརྗོད་ཀྱི་འདུག་”ཅེས་འཁོད་ཡོད་པ་རེད། རྩོམ་པོ་འོད་ཟེར་གྱིས་བརྩམས་པའི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱང་བསྲིངས་བྱས་པ་ལས་གཅེས་བཏུས་བྱས།།

 

ཐེངས་ 42194 བཀླགས་འདུག