Donate

རྒྱ་ནག་གི་ཁ་དོན་མི་མཚུངས་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ།

རྒྱ་ནག་གཞུང་གི་ཕྱི་རྒྱལ་འབྱོར་ལྡན་ཅན་རྣམས་བོད་དང་རྒྱ་ནག་ཏུ་རི་དྭགས་རྔོན་རྒྱག་ཆེད་མགྲོན་འབོད་དང་དཔལ་འབྱོར་འདུ་འགོད་བྱས་པའི་སྐོར།

  རྒྱ་ནག་གཞུང་གིས་ཁོར་ཡུག་དང་སྟོངས་ལ་ཉེ་བའི་རྩ་ཆེའི་གཅན་གཟན་དང་རི་དྭགས་སྲུང་སྐྱོབ་ཆེད་རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྩི་སྲུང་དང་དེ་དག་སྲུང་སྐྱོབ་བྱེད་ཀྱི་ཡོད་ཚུལ་ཁྱབ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་པ་དང༌། དོན་དངོས་ཐོག་བདག་མེད་སེམས་ཅན་སྲུང་སྐྱོབ་བྱ་ཕྱོགས་ཐད་གཞུང་གི་སྲིད་ཇུས་དང༌། དངོས་ཡོད་ལག་ལེན་གྱི་བར་ཧེ་བག་ཆེན་པོ་ཡོད་པ་དང༌། ཕྱི་ལོ་ ༢༠༠༣ ལོར་བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་དཔར་སྐྲུན་བྱས་པའི་བོད་ཀྱི་ཁོར་ཡུག་གནས་སྟངས་ནང་གསལ་བ་ལྟར་ན། རྒྱ་ནག་གཞུང་ནས་ཕྱི་ལོ་ ༢༠༠༢ ཟླ་ ༢ ཚེས་ ༢༠ ཉིན་མི་དམངས་ཉིན་རེའི་ཚགས་པར་ཟེར་བའི་ནང་“ས་མཐོའི་རྔོན་རྒྱག་ནི་ཡུལ་སྐོར་སྤྲོ་འཆམ་པ་འགུག་རྒྱུའི་ཐབས་ལམ་གསར་པ་ཡིན་ཞེས་འགོ་བརྗོད་དུ་འཁོད་པའི་གསར་འགྱུར་ཞིག་སྤེལ་ཡོད་ལ། ཡང་“འཛམ་གླིང་གི་ཡང་ཐོག་ཅེས་འབོད་སྲོལ་ཡོད་པའི་མཚོ་བོད་མདོ་དབུས་མཐོ་སྒང་དུ་ཡོད་པའི་ཏུའུ་ལན་རྒྱལ་སྤྱིའི་རྔོན་རྒྱག་ཐང་ག་ནི་ཉེ་ཆར་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཚོས་སྐད་གྲགས་ཡོད་པར་བརྩི་ཡི་ཡོད་ཅིང༌།” “སྔ་ལོའི་ལོ་མཇུག་ཏུ་ཨ་རི་དང༌། འཇར་མན། ཧཕ་རན་སི། ཨུ་རུ་སུ། ནོར་ཝེ་བཅས་ཐེ་བའི་རྒྱལ་ཁབ་མང་པོ་ཞིག་ནས་རྔོན་རྒྱག་མི་གྲངས་ ༦༠༠༠ ལྷག་འབྱོར་ཡོད།”
“རྔོན་རྒྱག་ཐང་ག་དེ་རྒྱ་ནག་ནུབ་བྱང་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སྤྱི་ལེ་གྲུ་བཞི་མ་ ༣༠༠༠༠ ལ་ཁྱབ་ཡོད་ཅིང༌། རྨིག་པ་ཅན་གྱི་སེམས་ཅན་ར་རྒོད་དང༌། གཙོད། ཤྭ་བ་དམར་པོ། ཤྭ་བ་མཆུ་དཀར་བཅས་ཀྱི་གནས་ཡུལ་ཡིན། ས་ཁུལ་དུ་གནས་པའི་བོད་ཀྱི་གཙོད་ཕལ་མོ་ཆེ་ལོ་ན་ ༡༣ ནས་ ༡༤ བར་ཡིན་པ་དང༌། ཆ་སྙོམས་ཚེ་ཚད་ལོ་ ༡༥ སླེབས་བཞིན་པ་ཡིན་”ཞེས་དང༌། “མཚོ་སྔོན་ཞིང་ཆེན་རི་དྭགས་སྲུང་སྐྱོབ་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་དབྱང་ཧུང་ཝེས་ས་ཁུལ་དུ་རི་དྭགས་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་ཡིན་པར་བརྟེན། རྔོན་པ་ཚོས་སེམས་ཅན་ན་སོ་རྒས་པ་དང༌། གཅོང་ནད་ཅན་རྣམས་རྔོན་རྒྱག་དགོས་པའི་སྐུལ་འདེད་བྱེད་ཀྱི་ཡོད།”ཅེས་དང༌། “དེ་བཞིན་རྔོན་རྒྱག་གི་ཐང་དུ་འཛུལ་ཞུགས་ཀྱི་གླ་ཡོན་བྱུང་བའི་ཡོང་སྒོ་རྣམས་རི་དྭགས་ཀྱི་ཁྱབ་བསྒྲགས་དང༌། སྲུང་སྐྱོབ་ཀྱི་ཆེད་དུ་བེད་སྤྱོད་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།” དེ་བཞིན་ཕྱི་ལོ་ ༡༩༩༣ ལོར་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་དཔར་སྐྲུན་བྱས་པའི་བོད་ཀྱི་རང་བྱུང་ཁོར་ཡུག་ངོ་སྤྲོད་དང༌། ད་ལྟའི་གནས་སྟངས། སྲུང་སྐྱོབ་སྐོར་ལས། “ཁོ་པ་ཚོས་གང་བྱུང་རི་དྭགས་བརྒྱབ་པས་མ་ཚད། ད་དུང་རྩ་མེད་དུ་འགྲོ་ལ་ཉེ་བའི་སྲོག་ཆགས་རྣམས་ལ་ཕྱི་རྒྱལ་འབྱོར་ལྡན་པ་ཚོར་རི་དྭགས་རྒྱག་ཆོག་པའི་གོ་སྐབས་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་ཏེ། བོད་ཨ་མདོ་དང་ཁམས་སོགས་ཀྱི་ས་ཁུལ་ནང་རི་དྭགས་རྒྱག་བཅུག་བཞིན་ཡོད། དཔེར་ན་ཨ་རི་དང༌། ཡོ་རོབ་ཀྱི་འབྱོར་ལྡན་ཚོའི་ཁྲོད་ནས་རྒྱ་ནག་གཞུང་གིས་གཙོད་གཅིག་ལ་རིན་འབབ་ཨ་སྒོར་ ༣༨༠༠༠ དང༌། གཉན་གཅིག་ལ་ཨ་སྒོར་ ༢༣༠༠༠། ཤྭ་བ་མཆུ་དཀར་གཅིག་ལ་ཨ་སྒོར་ ༡༣༠༠༠། གནའ་བ་གཅིག་ལ་ཨ་སྒོར་ ༧༠༠༠། ཤྭ་བ་ཁྲ་རིས་གཅིག་ལ་ཨ་སྒོར་ ༣༥༠༠ བཅས་བླངས་ཡོད་པས་རི་དྭགས་ལྷག་མ་རྣམས་ཀྱང་རྩ་མེད་གཏོང་བཞིན་ཡོད་”ཅེས་འཁོད་ཡོད་པ་རེད། ཕྱི་ལོ་ ༢༠༠༦ ཟླ་༨ ཚེས་ ༩ ཉིན་ཨེ་ཤི་ཡ་བོད་སྐད་སྡེ་ཚན་ཀྱི་བོད་ཡིག་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན་རྒྱ་ནག་གཞུང་གིས་ཕྱི་རྒྱལ་མི་སྣ་རི་དྭགས་རྔོན་རྒྱག་ཆེད་མགྲོན་འབོད་བྱས་ཡོད་འདུག་“དེ་ཡང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས་གཟའ་ལྷག་པའི་ཉིན་གནས་ཚུལ་སྤེལ་བའི་ནང་རྒྱ་ནག་གི་ཞིང་ཆེན་ཁག་ཅིག་གིས་ཕྱི་རྒྱལ་མི་སྣ་ཚོ་རྒྱ་ནག་ནང་བདག་མེད་སེམས་ཅན་འབྲོང་དང་ཤྭ་བ་ལ་སོགས་རི་དྭགས་རྒྱག་པར་གདན་ཞུ་གནང་རྒྱུ་ཡིན་པ་དང༌། རྒྱ་ནག་ནགས་ཚལ་ལས་ཁང་གིས་རྒྱ་ནག་གི་ཁྲེན་ཏུ་གྲོང་ཁྱེར་ནང་གཟའ་ཉི་མའི་ཉིན་རི་དྭགས་རྒྱག་རྒྱུའི་ལས་འགུལ་དེ་སྤེལ་འགོ་ཚུགས་རྒྱུ་ཡིན་ཞིང༌། དེ་བཞིན་ལེན་ཤཱ་དང༌། མཚོ་སྔོན། ཀན་སུའུ། ཤིན་ཅང་སོགས་ས་ཁུལ་ཁག་ནང་ལ་ཡང་ལས་འགུལ་དེ་སྤེལ་རྒྱུ་ཡིན་པ་རེད༌། ཕྱི་རྒྱལ་མི་སྣ་ཞིག་གིས་རི་དྭགས་སེམས་ཅན་འབྲོང་གཅིག་རི་དྭགས་རྒྱག་པར་ཨ་སྒོར་ལྔ་སྟོང་གི་རིན་པ་སྤྲོད་དགོས་པ་དང༌། གལ་སྲིད་བདག་མེད་རྒོ་བ་ཞིག་རི་དྭགས་རྒྱག་ཐུབ་ཚེ་ཨ་སྒོར་ཁྲི་གཅིག་སྤྲོད་དགོས་ཀྱི་ཡོད་པ་རེད༌། རྒྱ་ནག་གཞུང་འབྲེལ་ཚགས་ཤོག་དེའི་ཐོག་ད་རེས་རྒྱ་ནག་གཞུང་ཕྱོགས་ཀྱིས་ཕྱི་རྒྱལ་གྱི་མི་སྣ་བདག་མེད་སེམས་ཅན་རི་དྭགས་རྒྱག་པར་གདན་ཞུ་དང་འབྲེལ་རི་དྭགས་རྒྱག་རྒྱུའི་སེམས་ཅན་གྱི་གྲས་སུ་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་བྱེད་རྒྱུའི་སེམས་ཅན་རིགས་ཡོད་པ་འཁོད་འདུག ཡིན་ནའང་རྒྱ་ནག་བདག་མེད་རི་དྭགས་སེམས་ཅན་སྲུང་སྐྱོབ་ཚོགས་པས་ད་རེས་རྒྱ་ནག་གཞུང་ཕྱོགས་ཀྱིས་ཕྱི་རྒྱལ་མི་སྣ་ཚོ་བདག་མེད་སེམས་ཅན་རི་དྭགས་རྒྱག་པར་གདན་ཞུ་བྱེད་པ་དེའི་ཐོག་ངོ་རྒོལ་མེད་པའི་རྣམ་འགྱུར་བསྟན་ཡོད་པ་དང༌། གང་ཡིན་ཟེར་ན་བདག་མེད་སེམས་ཅན་དེ་རིགས་མང་པོ་ཞིག་ཚད་གཞི་ལས་བརྒལ་ཡོད་པས་སེམས་ཅན་དེ་རིགས་སྟོངས་ལ་ཉེ་བའི་སྲུང་སྐྱོབ་བྱེད་དགོས་པའི་སེམས་ཅན་རིགས་མིན་ལུགས་དང༌། དེ་བཞིན་རི་དྭགས་རྒྱག་རྒྱུ་སེམས་ཅན་དེ་ཚོ་མང་ཆེ་བ་ལོ་ན་རྒས་པའི་སེམས་ཅན་རིགས་ཡིན་པར་བརྟེན། དེ་ཚོ་དུས་ཚོད་ཀྱི་མ་གཏོགས་ཤི་རྒྱུ་ཡིན་ལུགས་བརྗོད་འདུག རྒྱ་ནག་གཞུང་གིས་བདག་མེད་སེམས་ཅན་རི་དྭགས་རྒྱག་རྒྱུའི་ལས་འགུལ་དེའི་ནང་ཕྱི་རྒྱལ་མི་སྣ་མ་གཏོགས་རྒྱ་མི་རིགས་ཞུགས་ཆོག་གི་མེད་ལུགས་བརྗོད་འདུག”  ཅེས་སོགས་འཁོད་ཡོད་པ་དང༌། ཡིན་ནའང་ལོ་དེའི་ཕྱི་ཟླ་ ༨ ཚེས་ ༡༡ ཉིན་རྒྱ་ནག་གཞུང་འབྲེལ་དྲ་རྒྱའི་ཐོག་རྒྱ་ནག་མངའ་སྡེའི་ཤིང་ནགས་ལས་ཁུངས་ཀྱི་མགྲིན་ཚབ་པ་ཁུའུ་ཅིན་ཡོང་གིས་ཡང་བསྐྱར་གསལ་བསྒྲགས་ཤིག་སྤེལ་ཏེ་རྔོན་རྒྱག་གི་ལས་རིམ་དེ་མང་ཚོགས་ནས་འབོད་སྐུལ་བྱས་པ་བརྒྱུད་ཕྱི་འཐེན་བྱས་པ་ཡིན་ཞེས་དང༌། དེ་བཞིན་རྒྱ་ནག་བདག་མེད་སེམས་ཅན་སྲུང་སྐྱོབ་སྡེ་ཚན་ནས་ད་རེས་རྔོན་རྒྱག་གི་ལས་རིམ་དེའི་ནང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོགས་ཆགས་མེད་ལུགས་དང༌། དེ་ཚོར་སྲུང་སྐྱོབ་ཆེད་རྔོན་རྒྱག་ལ་བཀག་སྡོམ་བྱེད་ཀྱི་ཡོད་ཅེས་སྔ་ཕྱི་སྐད་ཆ་མགོ་མི་ཐུག་པའི་གསལ་བསྒྲགས་གཉིས་བྱས་ཡོད་པ་རེད། རྒྱ་ནག་གཞུང་ཕྱོགས་ནས་རི་དྭགས་སྲུང་སྐྱོབ་ཀྱི་སྲིད་བྱུས་སྙན་མོ་ཞིག་ཕྱིར་བསྒྲགས་བྱེད་བཞིན་ཡོད་པ་ལས། དོན་དངོས་སུ་རི་དྭགས་སྲུང་སྐྱོབ་ལས་རི་དྭགས་རྔོན་རྒྱག་གི་ལས་འགུལ་ལ་བརྟེན་ནས་ཡུལ་སྐོར་སྤྲོ་འཆམ་པ་འགུག་ཐབས་བྱས་ཏེ་དཔལ་འབྱོར་འདུ་འགོད་བྱེད་རྒྱུ་དེ་གལ་གནད་ཆེ་བར་བརྩི་བཞིན་ཡོད་པ་ར་སྤྲོད་གསལ་པོ་བྱུང་ཡོད་པ་རེད།།

ཐེངས་ 42639 བཀླགས་འདུག