Donate

རྒྱ་ནག་གིས་བོད་ནང་མེ་འཁོར་ལྕགས་ལམ་གཉིས་པ་བཟོ་འཆར།

དེ་ཡང་ཟླ་༣ཚེས་༧ཉིན། ཨས་ཕེ་གསར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གིས་ལོ་ལྔ་ཚན་འཆར་གཞི་བཅུ་གསུམ་པའི་ནང་པེ་ཅིན་ནས་ཐའེ་བའེ་བར་དང་དེ་བཞིན་བོད་དུ་མེ་འཁོར་ལྕགས་ལམ་ཐེངས་གཉིས་པ་བཟོ་བསྐྲུན་བྱ་རྒྱུའི་འཆར་འགོད་བྱས་ཡོད་འདུགརྒྱ་ནག་ཏུ་ཚོགས་བཞིན་པའི་མི་མང་འཐུས་ཚོགས་སུ་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་རྩ་འཛིན་གྱི་འཆར་ཟིན་ཞིག་ཁྱབ་བསྒྲགས་བྱས་ཡོད་པ་རེད། གོང་གསལ་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་ཟིན་དེའི་ནང་རྒྱ་ནག་གི་ལྷོ་ནུབ་ནས་བོད་ལ་བསྐྱོད་སའི་ལྕགས་ལམ་ཐེངས་གཉིས་པ་ཞིག་བཟོ་བསྐྲུན་བྱེད་རྒྱུའི་འཆར་བཀོད་བྱས་ཡོད་པ་རེད།

རྒྱ་ནག་གི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་མ་ཟིན་ཟེར་བ་ཡང་བཤད་ན། སྤྱི་༢༠༡༦་ལོ་ནས་སྤྱི་༢༠༢༠་ལོ་བར་ལོ་ལྔ་ཚན་བཅུ་གསུམ་གྱི་འཆར་འགོད་རྩ་འཛིན་དེའི་ནང་རྒྱ་ནག་ལྷོ་ནུབ་ནས་བོད་དུ་བསྐྱོད་པའི་མེ་འཁོར་ལྕགས་ལམ་ཞིག་བཟོ་བསྐྲུན་བྱ་རྒྱུ་དེར་རྒྱ་ནག་ཁྲེན་ཏུའུ་ནས་ལྷ་སར་སླེབས་རག་བར་དུས་ཡུན་ཆུ་ཚོད་༡༥་ལས་འགོར་གྱི་མེད་པ་དང་། ལྕགས་ལམ་བཟོ་བསྐྲུན་དང་པོ་དེ་བཞིན་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་༥༠༠༠་བརྒལ་བའི་ས་མཐོའི་མེ་འཁོར་ལྕགས་ལམ་དེ་སྤྱི་༢༠༠༦་ལོར་བཟོ་བསྐྲུན་བྱས་ཟིན་པའི་རྗེས། བཙན་བྱོལ་བོད་མི་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས། མེ་འཁོར་ལྕགས་ལམ་དང་པོ་དེ་བཟོས་པ་ནས་བཟུང་རྒྱ་ནག་ནས་རྒྱ་མི་ཤིན་ཏུ་མང་པོ་བོད་དུ་སླེབས་ནས་བོད་མིའི་འཚོ་གནས་དང་བོད་ཀྱི་རིག་གཞུང་དང་གོམས་གཤིས་སོགས་ལ་དོ་ཕོག་ཆེན་པོ་བཏང་ཡོད་པ་རྒྱ་ནག་གཞུང་ལ་སྐྱོན་འཛུགས་བྱས་དང་བྱེད་མུས་སུ་ཡོད་པ་རེད།

ཕྱོགས་མཚུངས་གོང་གསལ་རྒྱ་ནག་གི་ལོ་ལྔ་ཚན་བཅུ་གསུམ་པའི་རྩ་འཛིན་འཆར་ཟིན་དེའི་ནང་ད་དུང་པེ་ཅིན་ནས་ཐེ་ཝན་གྱི་ཐེ་བའེ་བར་མྱུར་ཚད་མགྱོགས་པའི་ལྕགས་ལམ་བཟོ་བསྐྲུན་བྱེད་རྒྱུའི་འཆར་ཟིན་བཀོད་ཡོད་པ་དེའི་ཐད་དྲ་རྒྱར་འཇུག་མཁན་གྱི་བསམ་ཚུལ་བཀོད་ཡག་ལ། པེ་ཅིན་ནས་མཁའ་དབྱིངས་ཟླ་བ་བར་ལྕགས་ལམ་མི་བཟོ་བ་གང་ཡིན་ཞེས་སོགས་མི་འདོད་པའི་བསམ་ཚུལ་མང་པོ་བྲིས་ལུགས་བཀོད་སྤེལ་བྱས་འདུག

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་ཚིགས་ལས་དྲངས།

ཐེངས་ 42194 བཀླགས་འདུག