Donate

རྒྱ་ནག་གིས་ས་བཀྲ་གསར་པའི་ནང་རྒྱ་གར་གྱི་ཨ་རུ་ན་ཅལ་བཀོད་པ།

༄༅༎རྒྱ་ནག་གིས་ས་བཀྲ་གསར་པའི་ནང་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ ཨ་རུ་ན་ཅལ་པྲ་དེཤ་ རྒྱ་ནག་གི་ཁོངས་གཏོགས་བཀོད་ཡོད་པར་རྒྱ་གར་གྱིས་ངོ་རྒོལ་ཤུགས་ཆེ་གནང་འདུགMap of India རྒྱ་ནག་གི་འགོ་ཁྲིད་ཚོས་གཞན་ལ་དབང་བའི་ས་ཁུལ་རང་གི་ས་བཀྲ་གསར་པའི་ནང་བཀོད་དེ་ས་ཐོག་གི་དངོས་ཡོད་གནས་སྟངས་ལ་འགྱུར་ལྡོག་གཏོང་ཐབས་མེད་ལུགས་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ཀྱིས་གསུངས་གནང་འདུག རྒྱ་གར་གཞུང་གིས་མངའ་སྡེ་ ཨ་རུ་ན་ཅལ་པྲ་དེཤ་ རྒྱ་གར་ནས་ཁ་བྲལ་ཐབས་མེད་པའི་རྒྱ་གར་གྱི་ཆ་ཤས་ཤིག་ཡིན་པ་རྒྱ་ནག་གི་འགོ་ཁྲིད་མཐོ་རིམ་ཚོར་ལན་མང་གསལ་བཤད་གནང་ཡོད་པ་རེད་ཅེས་རྒྱ་གར་གྱི་ཕྱི་ཕྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསུངས་གནང་འདུག རྒྱ་ནག་གིས་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ ཨ་རུ་ན་ཅལ་པྲ་དེཤ་ རྒྱ་ནག་གི་ས་བཀྲའི་ཁོངས་སུ་བཀོད་པ་མ་ཟད། བདུན་ཕྲག་སྔོན་མའི་ནང་རྒྱ་ནག་གི་མཐའ་སྲུང་དམག་མི་རྒྱ་གར་གྱི་ལ་དྭགས་ཁུལ་དུ་ས་མཚམས་བརྒལ་ནས་འཛུལ་ཞུགས་བྱས་པའི་དཀའ་རྙོག་བྱུང་བ་རེད། རྒྱ་དཀར་ནག་གཉིས་དབར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་མཚམས་ཀི་ལི་མི་ཌར་སུམ་སྟོང་ལྔ་བརྒྱ་ཙམ་ས་སྦྲེལ་ཡོད་པའི་ཐོག་ས་མཚམས་རྩོད་རྙོག་ཡོད་མུས་ཡིན་ཞིང་།་ཕྱི་ལོ་༡༩༦༢་ལོར་རྒྱ་དཀར་ནག་གཉིས་དབར་ས་མཚམས་སུ་དམག་འཐབ་བྱུང་བ་རེད། རྒྱ་ནག་གིས་རྒྱ་གར་གྱི་ ཨ་རུ་ན་ཅལ་པྲ་དེཤ་ ཁུལ་གྱི་ས་ཁྱོན་ཀིལི་མི་ཌར་གྲུ་བཞི་མ་དགུ་ཁྲི་ཙམ་ལ་བདག་དབང་ཡོད་ལུགས་བརྗོད་ཀྱི་ཡོད་པ་རེད། རྒྱ་དཀར་ནག་གཉིས་དབར་ས་མཚམས་རྩོད་རྙོག་ཐོག་གྲོས་མོལ་ལོ་གྲངས་བཅུ་ཕྲག་གཉིས་ལྷག་བྱས་པའི་རྗེས་སུ་ཕྱི་ལོ་༢༠༠༠་ལོར་ཕྱོགས་གཉིས་དབར་ས་མཚམས་རྩོད་རྙོག་མེད་པའི་ས་ཁུལ་གྱི་ས་བཀྲ་ཕར་སྤྲོད་ཚུར་ལེན་དང་། དེ་ནས་ལོ་གསུམ་རྗེས་ས་མཚམས་རྩོད་རྙོག་ཡོད་རིགས་སེལ་ཆེད་ཡུལ་གཉིས་སོ་སོའི་དམིགས་བསལ་སྐུ་ཚབ་བསྐོ་གཞག་བྱས་པ་རེད། ཕྱི་ལོ་༢༠༠༥་ལོར་རྒྱ་ནག་གཞུང་གིས་འབྲས་ལྗོངས་རྒྱ་གར་གྱི་ཁོངས་གཏོགས་ཡིན་པ་གཞུང་འབྲེལ་ངོས་ལེན་གནང་ཡང་ས་མཚམས་ཀྱི་ས་ཐིག་གཏན་འཁེལ་ད་བར་གནང་ཐུབ་མེད་པ་རེད། དེ་སྔོན་རྒྱ་ནག་གཞུང་གིས་རྒྱ་གར་གྱི་ ཨ་རུ་ན་ཅལ་པྲ་དེཤ་ མངའ་ཁོངས་ནས་ཡུལ་མི་རྒྱ་ནག་ལ་བསྐྱོད་མཁན་ཚོར་ཐོངས་མཆན་མ་སྤྲད་པར་མངའ་སྡེ་དེར་རྒྱ་ནག་གི་བདག་དབང་ཡོད་པའི་རྣམ་འགྱུར་བསྟན་པ་མ་ཟད། ཀཤ་མིར་ས་ཁུལ་ཡུལ་པ་ཚོར་ཡང་ཐོངས་མཆན་སྤྱི་འདྲེ་སྤྱི་མཚུངས་ལྟར་མིན་པ་ཞིག་སྤྲད་དེ་ས་ཁུལ་དེ་ པ་ཀིསི་ཐན་ གྱི་མངའ་ཁོངས་ཡིན་པར་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་དང་སྟོན་མུས་ཡིན་པ་རེད། གང་ལྟར་ད་ལྟ་རྒྱ་གར་གྱི་སྲིད་འཛིན་སྐུ་གཞོན་ ཧ་མིད་ ཨན་ས་རི་ རྒྱ་ནག་ནང་གཞུང་དོན་ཕྱོགས་ཕེབས་གནང་མུས་ལ་བརྟེན། ཁོང་གིས་ས་བཀྲ་གསར་པའི་གནད་དོན་དེའི་སྐོར་གླེང་སློང་གནང་སྲིད་པ་ཡིན་པ་རེད།། ཡོང་ཁུངས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

ཐེངས་ 42371 བཀླགས་འདུག