Donate

རྒྱ་ནག་ནང་ཁོར་ཡུག་འབག་བཙོག་གི་དཀའ་ངལ།

ཕྱི་ལོ་༢༠༡༣ཟླ་༡༡ཚེས་༥ཉིན། ཨོ་སི་ཊོ་ལི་ཡའི་གསར་འགྱུར་དྲ་ཚིགས་སོགས་སུ་གནས་ཚུལ་ཐོན་གསལ་ལྟར་ན། དེང་སང་རྒྱ་ནག་ནང་བཟོ་གྲྭ་སོགས་ཀྱིས་རྐྱེན་པས་ཁོར་ཡུག་འབག་བཙོག་ཤུགས་ཆེ་ཐེབས་རྐྱེན། མཁའ་རླུངས་བཙོག་པ་ཆགས་ནས། ཧྲང་ཧེ་དང་པེ་ཅིང་སོགས་སུ་མི་རྣམས་རྒྱུན་དུ་ཡར་མར་འགྲུལ་བཞུད་སྐབས། ཁ་རས་བཀབ་ནས་འགྲོ་དགོས་ཀྱི་ཡོད་པས་མ་ཚད། ལམ་ཟུར་སོགས་སུ་བཙུགས་ཡོད་པའི་ལྐོག་ལེན་པར་ཆས་ཡག་ཤོས་ཀྱིས་ཀྱང་བར་ཐག་རྨིད་༡༢ལས་བརྒལ་ཚེ་གང་ཡང་མཐོང་ཐུབ་ཀྱི་མེད་པ་རེད།ཡང་ཉེ་ཆར་མིང་འཁོད་མེད་པའི་བུ་མོ་ལོ་༨ ཅན་ཞིག་ཁོར་ཡུག་འབག་བཙོག་གིས་རྐྱེན་པས་གློ་སྐྲན་ཕོག་ཡོད་པ་སོགས་ཀྱི་གནས་ཚུལ་མང་པོ་ཐོན་རྗེས་དེང་སང་སྤྱི་ཚོགས་ནང་རྒྱ་ནག་གི་ཁོར་ཡུག་འབག་བཙོག་ཐད་གླེང་སློང་ཤུགས་ཆེ་བྱེད་བཞིན་ཡོད།

ལོ་ན་༨ཅན་གྱི་བུ་མོ་དེ་ནི་རྒྱ་ནག་གི་བཟོ་གྲྭ་ཆེས་མང་བའི་ཅང་སུའུ་ཞིང་ཆེན་རུ་གནས་སྡོད་བྱེད་མཁན་ཞིག་ཡིན་པ་དང་། སྨན་པས་ཁོ་མོའི་གློ་སྐྲན་དེ་ནི་ཁོ་མོ་སྐྱེས་ནས་ལོ་དང་པོ་དེ་ནས་ཁོར་ཡུག་འབག་བཙོག་གི་དུག་རླངས་ཁོག་ནང་ཞུགས་པའི་རྐྱེན་གྱིས་ཡིན་ལུགས་འགྲེལ་བརྗོད་བྱས་འདུག ཁོ་མོ་ནི་ད་ཆ་རྒྱ་ནག་ནང་ཁོར་ཡུག་འབག་བཙོག་གི་རྐྱེན་པས་གློ་སྐྲན་ཕོག་པའི་ནད་པ་ཆུང་ཤོས་དེ་ཡིན་པར་ངོས་འཛིན་བྱས་པ་རེད།

ཅང་སུའུ་སྐྲན་ནད་སྨན་ཁང་གི་སྨན་པ་ Feng Dongjie ཧྥིང་ཏོང་ཅིས། བཟོ་གྲྭ་སོགས་ཀྱི་དུག་རླངས་ PM2.5 རྐྱེན་པས་རྒྱ་ནག་ནང་སྐྲན་ནད་ཕོག་པའི་ནད་པ་མང་དུ་འགྲོ་བཞིན་ཡོད་པ་དང་། རྒྱུ་རྐྱེན་དེ་ནི་ལོ་ངོ་བཅུ་ཕྲག་གཅིག་ནང་རྒྱ་ནག་ནི་འཛམ་གླིང་གི་དཔལ་འབྱོར་ཨང་གཉིས་པར་སླེབས་པའི་ཉམས་མྱོང་ཞིག་སྟེ། བཟོ་ལས་དང་འཛུགས་སྐྲུན་ཤུགས་ཆེ་ལས་བྱུང་ཡོད་ལུགས་སྐྱོན་བརྗོད་བྱས་འདུག ཕྱི་ལོ་༢༠༠༡ནས་༢༠༡༠བར་པེ་ཅིང་དུ་གློ་སྐྲན་གྱིས་རྐྱེན་པས་འཆི་ཚད་བརྒྱ་ཆ་༥༦འཕར་ཡོད་པ་རེད།

ལོ་ངོ་བཅུ་ཕྲག་ཅིག་གི་ནང་རྒྱ་ནག་པེ་ཅིང་གི་གཞུང་ལམ་སྟེང་འགྲོ་བསྐྱོད་བྱེད་མཁན་ཁྱོན་རླངས་འཁོར་གྲངས་ས་ཡ་༥ལ་སླེབས་པ་དང་། ཁ་སང་ཕྱི་ཚེས་༥ཉིན་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༤ལོར་པེ་ཅིང་དུ་གཞུང་ལམ་ཐོག་འགྲོ་བསྐྱོད་བྱེད་མཁན་རླངས་འཁོར་གསར་པའི་གྲངས་ཚད་བརྒྱ་ཆ་༤༠མར་བཅགས་ནས། གསར་དུ་འགྲོ་བསྐྱོད་བྱེད་མཁན་ཁྱོན་རླངས་འཁོར་གསར་པ་གྲངས་ ༡༥༠་༠༠༠ ཙམ་ལས་ཆོག་མཆན་སྤྲོད་རྒྱུ་མིན་ལུགས་གསལ་བསྒྲགས་བྱས་འདུག

འདི་ལོར་ལོ་སྟོད་དུ་པེ་ཅིང་དུ་མཁའ་རླུང་འབག་བཙོག་ཐེབས་ཚད་ཤུགས་ཆེ་རུ་ཕྱིན་རྐྱེན་རྒྱ་ལམ་དུ་འགྲུལ་བཞུད་བྱེད་མཁན་མཚམས་ཆད་པས་མ་ཚད། པེ་ཅིང་གི་གནམ་གཤིས་སླར་ཡང་དགུན་དུས་སུ་འགྱུར་བཞིན་པའི་དུས་འདིར། ཉིན་གསུམ་རིང་འབག་བཙོག་ཚད་མཐོ་རུ་ཕྱིན་ཚེ་གྲོང་ཁྱེར་གྱི་སློབ་གྲྭ་ཁག་ཐེངས་ཤིག་སྒོ་རྒྱག་རྒྱུའི་ལམ་ལུགས་གསར་པ་ཞིག་གསལ་བསྒྲགས་བྱས་ཡོད་པ་རེད།

རྒྱ་ནག་ནང་ཁོར་ཡུག་འབག་བཙོག་གིས་རྐྱེན་པས་མི་མང་རྣམས་ཁོང་ཁྲོ་ཆེན་པོ་བྱེད་བཞིན་པའི་དུས་འདིར། ཟླ་བ་སྔོན་མའི་ནང་རྒྱ་ནག་གཞུང་གིས་དབྱིན་སྒོར་ས་ཡ་ ༥༠༠ ༼རྒྱ་སྒོར་ས་ཡ་༤༡༠༠ཙམ་༽འགྲོ་སོང་བཏང་སྟེ། རྒྱ་ནག་གི་གཙོ་གནད་གྲོང་ཁྱེར་ཁག་དང་། གཡས་གཡོན་གྱི་ས་ཁུལ་གཞན་ཁག་ལ་ཁོར་ཡུག་གཙང་བཟོའི་ལས་འགུལ་ཞིག་འགོ་བརྩམས།

དངུལ་མང་ཆེ་བ་རྒྱ་ནག་གི་ཧེ་པེ་ཞིང་ཆེན་དུ་བཏང་ཡང་། རྒྱ་ནག་ནང་འབག་བཙོག་ཆེས་ཆེ་བའི་གྲོང་ཁྱེར་༡༠ནང་གྲོང་ཁྱེར་༧ཧེ་པེ་ཞིང་ཆེན་ནང་ཡོད་པ་རེད། ཧེ་པེ་ཞིང་ཆེན་ནང་རྡོ་སོལ་བསྲེག་པ་དང་། ལྕགས་བཞུ་བ། གློག་ནུས་མཁོ་འདོན་སོགས་ཀྱི་བཟོ་གྲྭ་མང་བས་རྐྱེན་པས་འབག་བཙོག་གི་དཀའ་ངལ་ཡོངས་སུ་སེལ་ཐབས་བྲལ་བའི་གནས་སུ་གྱར་ཡོད།

དེར་བརྟེན་རྒྱ་ནག་གིས་ Institute of Public & Environmental Affairs (IPE) མི་འབོར་དང་ཁོར་ཡུག་གནད་དོན་ཚོགས་པས། བཟོ་གྲྭའི་བཙོག་ཆུ་འདོར་བའི་རྐྱེན་གྱིས་རྒྱུ་ཆུ་འབག་བཙོག་གི་དཀའ་ངལ་དེའི་ཐད་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་། གཙོ་བོ་རྒྱ་ནག་དང་ཉི་འོང་གཉིས་དབར་མཉམ་འབྲེལ་སྒོས་རོགས་རམ་ཡོང་བའི་རེ་སྐུལ་ཞུས་འདུག

ཚོགས་པ་དེས་རྒྱ་ནག་གི་ཁོར་ཡུག་འབག་བཙོག་ཐད་ཉམས་ཞིབ་དང་ཡིག་ཆ་འཚོལ་བསྡུས་ཀྱིས་ཁོང་ཚོའི་དྲ་རྒྱ་ཐོག་རྒྱ་ཡིག་དང་དབྱིན་ཡིག་གཉིས་ཀ་ཐོག་སྤེལ་བཞིན་ཡོད་པ་རེད། གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ནང་བཟོ་ཚོང་ཁང་བརྒྱ་ཆ་༩༠ཙམ་ཉི་ཧོང་དང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གིས་བརྟེན་གཞི་བཙུགས་པ་ཞིག་ཡིན་འདུག

རྒྱ་ནག་གི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་དེའི་འགན་འཛིན་གཞོན་པ་ Wang Jingjing ཝང་ཅིན་ཅིན་གྱིས། རྒྱ་ནག་དང་ཉི་ཧོང་གཉིས་དབར་ཆབ་སྲིད་ཐོག་གནས་ཚུལ་ཛ་དྲག་ཏུ་ཆགས་ཡོད་ཀྱང་། མི་སྒེར་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་དབར་ཁོར་ཡུག་འབག་བཙོག་ཐད་མཉམ་འབྲེལ་ཡོང་བའི་རེ་བ་ཡོད་ཅེས་བཤད་འདུག

དེ་སྔོན་ཉི་ཧོང་གིས་བཟོས་པའི་མཁའ་རླུང་གཙང་བཟོ་འཕྲུལ་ཆས་དེ་དག་རྒྱ་ནག་ནང་འཕུར་མཚམས་འཇོག་རྗེས། རྒྱ་ནག་ནང་ཁོར་ཡུག་འབག་བཙོག་གི་དཀའ་ངལ་མུ་མཐུད་ནས་འཕྲད་པ་ཞིག་རེད་འདུག

ཐེངས་ 42200 བཀླགས་འདུག