Donate

རྒྱ་ནག་ལྷོ་རྒྱུད་དུ་ཆུ་ལོག་གི་གནོད་སྐྱོན་ཐེབས།

འདས་པའི་བདུན་ཕྲག་གཅིག་རིང་རྒྱ་ནག་ལྷོ་རྒྱུད་ཀྱི་ཞིང་ཆེན་ ༡༠ ནང་བསྟུད་མར་ཆར་བ་ཤུགས་ཆེན་བབ་པའི་རྐྱེན་གྱིས་ཡུལ་མི་ས་ཡ་ ༤ འཚོ་གནས་ལ་གོད་ཆག་བྱུང་ཡོད་འདུག

472bb223-b420-4e49-bf32-1df590712225

རེས་གཟའ་ཟླ་བའི་ཉིན་ནས་རྒྱ་ནག་ལྷོ་རྒྱུད་དུ་བདུན་ཕྲག་གཅིག་རིང་ཆར་བ་ཤུགས་ཆེན་བབ་ཏེ་ཆུ་ལོག་གི་གནོད་སྐྱོན་ཁྲོད་ཡུལ་མི་ ༢༥ འདས་གྲོང་དང་ཡུལ་མི་ ༣༣༢༠༠ ལྷག་གི་འཚོ་གནས་ལ་གོད་ཆག་བྱུང་ཡོད་པ་མ་ཟད། རྒྱ་ནག་ལྷོ་རྒྱུད་ཀྱི་ཡུལ་མཐའ་འཁོབ་ཁག་ཏུའང་ཆར་ལོག་གི་གནོན་སྐྱོན་ཐེབས་ཡོད་འདུག

རྒྱ་ནག་སྤྱི་མང་ལས་དོན་ལྷན་ཁང་གིས་རེས་གཟའ་ཟླ་བའི་ཉིན་ནས་རྒྱ་ནག་ལྷོ་རྒྱུད་ཀྱི་ཞིང་ཆེན་ ༡༠ ནང་བསྟུད་མར་ཆར་བ་བབ་ཏེ་ཆུ་ལོག་རི་ཉིལ་གྱི་གནོད་སྐྱོན་ཁྲོད་ཡུལ་མི་ས་ཡ་ ༤ འཚོ་གནས་ཐད་གོད་ཆག་བྱུང་བའི་ཁྲོད་ཡུལ་མི་ ༦ བོར་བརླག་བྱུང་ལུགས་ཙམ་ལས། ཡུལ་མི་ཅི་ཙམ་ཤི་རྨས་ཐེབས་པའི་གནས་ཚུལ་གསལ་བསྒྲགས་བྱས་མེད་ཅིང་། ཨེ་ཕེ་གསར་གསར་ཁང་དང་ཉི་ཧོང་དུས་བབ་སོགས་གཙོས་པའི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་རྒྱ་ནག་ལྷོ་རྒྱུད་ཅང་སུའུ་ཞིང་ཆེན་དུ་བསྟུད་མར་ཆར་ཆེན་བབ་ཏེ་ཡུལ་མིའི་འཚོ་གནས་དང་འགྲིམ་འགྲུལ་རླངས་འཁོར་སོགས་ཆུའི་ནང་ནུབ་པའི་འདྲ་པར་དང་གཟུགས་མཐོང་བརྙན་པར་མང་པོ་འགྲེམ་འགོད་བྱས་ཡོད་པ་མ་ཟད། ད་རེབ་ཀྱི་ཆུ་ལོག་རི་ཉིལ་ཁྲོད་ཡུལ་མི་ ༢༥ འདས་གྲོང་དང་ཡུལ་མི་ ༣༣༢༠༠ ལྷག་གི་འཚོ་གནས་ལ་གོད་ཆག་བྱུང་ཡོད་པ་དང་། ཕྱི་ཟླ་ ༥ ནས་ ༧ པའི་བར་རྒྱ་ནག་ལྷོ་རྒྱུད་ཁུལ་གྱི་ཆར་དུས་ལ་འཁེལ་གྱི་ཡོད་སྟབས། ས་ཁུལ་དེ་གར་ལོ་བཞིན་ཆར་བ་དང་ཆུ་ལོག་གི་གནོན་སྐྱོན་ཚབས་ཆེན་འབྱུང་མུས་ཡིན་པ་ལྟར། ཕྱི་ལོ་ ༡༩༩༨ ལོར་ཆར་བ་ཤུགས་ཆེན་བབ་རྐྱེན་ས་ཁུལ་དེའི་ཆུ་ཆེན་ཁག་བྲུག་སྟེ་ཡུལ་མི་ས་ཡ་ ༡༨༠ འཚོ་གནས་ལ་གནོན་སྐྱོན་ཐེབས་ཡོད་སྐོར་འཁོད་འདུག

1024x1024-1

གནས་ཚུལ་འདིའི་མུ་མཐུད་དུ། རྒྱ་ནག་ནང་ཆུ་ལོག་གི་གནོད་སྐྱོན་ཐེབས་པ་ལས་དཔལ་འབྱོར་གྱི་གྱོང་གུད་ཁྱོན་ཨ་སྒོར་ས་ཡ་ ༥༥༠ ལྷག་ཟིན་གྱི་ཡོད་པ་དང་། ཉེ་བའི་བདུན་ཕྲག་འགའ་ཞིག་ནང་རྒྱ་ནག་གི་དབང་འཛིན་དཔོན་རིགས་ཚོས་འབྲི་ཆུའི་འགག་གསུམ་གཙོས་པའི་ཆུ་མཛོད་ཆེ་ཁག་ཏུ་ཛ་དྲག་གི་སྐོར་སྐྱོད་དང་ཞིབ་འཇུག་བྱེད་ཀྱིན་ཡོད་སྐོར་སོགས་འཁོད་འདུག

བོད་ཀྱི་དུས་བབ་ལས་དྲངས།

ཐེངས་ 42186 བཀླགས་འདུག