Donate

མལ་གྲོ་གུང་དཀར་རྫོང་རྒྱ་མ་ཁུལ་དུ་གཏེར་ཁ་སྔོག་འདོན་གྱིས་རྐྱེན་པས་བྱུས་ཉེས།

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འགྲམ་མལ་དྲོ་གུང་དཀར་རྫོང་རྒྱ་མ་ཤང་དུ་གཏེར་ཁ་ཕོན་ཆེ་སྔོག་འདོན་བྱས་པའི་རྐྱེན་གྱིས། ཕྱི་ལོ་༢༠༡༣ཟླ་༣ཚེས་༢༩རེས་གཟའ་པ་སངས་ཉིན་གཏེར་ཁ་སྔོག་འདོན་གྱི་ས་ཚིགས་དེ་ནས་གཏེར་ཁ་སྔོག་མཁན་ཁྱོན་མི་གྲངས་ ༨༣ ས་འོག་ཏུ་ཤོར་ནས་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

ས་འོག་ཏུ་ཤོར་བའི་གཏེར་ཁ་སྔོག་མཁན་ཁྱོན་མི་གྲངས་༨༣ནང་བོད་མི་༢ལས་གཞན་ཚང་མ་རྒྱ་མི་ཡིན་པ་དང་། གོད་ཆག་དེ་ནི་མིས་བཟོས་པ་ལས་རང་བྱུང་གི་གོད་ཆག་ཅིག་གཏན་ནས་མིན། རྒྱ་མའི་གཏེར་ཁ་དེ་བོད་རང་སྐྱོང་ལྗོངས་ཟེར་བའི་མལ་གྲོ་གུང་དཀར་རྫོང་དུ་ཆགས་པ་དང། ལྷ་ས་ནས་རྒྱང་ཐག་ཀི་ལོ་མི་ཊར་ ༦༨ སར་ཡོད་པ་རེད།
ཁུལ་དེར་གསེར་དང་ཟངས། དངུལ། ཞ་ཉེ། ཏི་ཚ། ཞ་དཀར་ལྕགས་རྫས་ molybdenum སོགས་ལྕགས་རིགས་སྣ་ཚོགས་འཐོན་བཞིན་ཡོད་པ་དང་།  འདས་པའི་ལོ་ངོ་བཅུ་ཕྲག་རིང་རྒྱ་མའི་གཏེར་ཁ་སྔོག་ཡུལ་ས་གནས་དེར་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་དེས་དབང་གིས་སྤྱི་ཚོགས་འཆམ་མཐུན་མེད་པ་མ་ཟད། ཁོར་ཡུག་ལ་གནོད་འཚེ་ཧ་ཅང་བཟོས་ཡོད།

ཕྱི་ལོ་ ༢༠༠༧ ལོར་རྒྱ་མའི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་དེ་འཛིན་སྐྱོང་གཅིག་གི་འོག་བཅུག་ཡོད། དེ་སྔོན་ཁུལ་དེར་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཁག་མི་འདྲ་བ་བཞི་ཡོད་སྐབས་ས་གནས་ཀྱི་ཁོར་ཡུག་འབག་བཙོག་བཟོ་བ་དང་། ས་ཆའི་རྒྱུ་ཆ་ཞན་པོ་ཆགས་ནས་སྒོ་ཕྱུགས་སེམས་ཅན་རྣམས་ལ་གནོད་འཚེ་ཧ་ཅང་བཟོས་ཡོད། དེ་རྗེས་འཛིན་སྐྱོང་གཅིག་བཟོས་རྗེས་དེ་སྔའི་ཁོར་ཡུག་ལ་གནོད་གཞི་བཟོ་ཤུགས་ཆེ་རུ་ཕྱིན་ཡོད།

གང་ཡིན་བརྗོད་ན། འཛིན་སྐྱོང་གཅིག་གིས་འོག་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཤུགས་ཆེ་རུ་བཏང་བ་མ་ཟད། གཏེར་ཁ་སྔོག་སའི་ས་ཁུལ་གྱི་ཁྱབ་ཚད་ཆེ་རུ་བཏང་སྟེ། ད་ཆ་སྤྱི་ལི་གྲུ་བཞི་མ་145.50  ས་ཁྱོན་ལ་ཁྱབ་ཡོད་པ་ནས། གཏེར་ཁ་སྔོག་འདོན་བྱེད་བཞིན་པའི་ས་ཆའི་ཁྱབ་ཚད་སྤྱི་ལེ་གྲུ་བཞི་མ། 76.19 ཡོད། ས་ཁྱོན་ཁྱབ་ཚད་སྤྱི་ལེ་གྲུ་བཞི་མ་ 66.41 ཐོག་གཏེར་ཁ་འཚོལ་ཞིབ་ཀྱི་ལས་གཞི་འགྲོ་བཞིན་ཡོད།
དེང་སྐབས་རྒྱ་ནག་གཞུང་གིས་རྒྱ་མའི་ས་ཁུལ་དུ་གཏེར་ཁ་སྔོག་འདོན་ཆེད་ས་གནས་བོད་མི་ཞིང་པ་དང་འབྲོག་པ་མང་པོ་ཞིག་གནས་སྤོ་བྱེད་བཅུག་ནས་ས་ཞིང་བཙན་འཕྲོག་བྱེད་བཞིན་ཡོད་པ་དང་། རྒྱ་མའི་ཁུལ་དུ་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་བྱས་པའི་རྐྱེན་གྱིས་ཁོར་ཡུག་ལ་འབག་བཙོག་བཟོས་ཏེ་རྒྱུག་ཆུ་དང་ས་འོག་འཐུང་ཆུ་སོགས་ཀྱིས་མི་ཕྱུགས་གཉིས་ལ་གནོད་འཚེ་ཧ་ཅང་བཟོ་བཞིན་ཡོད།
ཕྱི་ལོ་ ༢༠༠༨ ལོར་རྒྱ་མིའི་གཏེར་ཁ་སྔོག་འདོན་བྱེད་མཁན་བཟོ་གྲྭ་ཞིག་གིས་རྒྱ་མའི་ས་ཁུལ་དུ་ཆུ་ཁ་འགྱུར་ཆེད་ས་ཞིང་མང་པོ་གཞུང་བཞེས་བཏང་ཡོད། དེ་བཞིན་རྒྱ་མ་ཤང་ཆུར་གཏེར་ཁ་སྔོག་འདོན་གྱིས་འབག་བཙོག་བཟོས་ཏེ་སྒོ་ཕྱུགས་སེམས་ཅན་མང་པོ་ཤི་ཡོད།
ས་གནས་བོད་མི་ཚོས་རྒྱ་མ་ཤང་གི་ས་གནས་ལས་ཁུངས་ལ་ཞུ་སྙན་ཕུལ་ཏེ། གཏེར་ཁ་སྔོག་འདོན་གྱི་ལས་གཞི་འཕྲལ་མར་མཚམས་འཇོག་དགོས་པའི་རེ་འདུན་འདོན་སྐབས། ས་གནས་ཡོངས་རྫོགས་ལ་དྲག་ཆས་དམག་མི་ཕོན་ཆེ་བཀྲམ་སྟེ་ས་གནས་བོད་མི་རྣམས་ལ་དམ་བསྒྲགས་ཧ་ཅང་བྱས་ཡོད། དེར་བརྟེན་ཕྱི་ལོ་ ༢༠༠༩ ལོར་ས་གནས་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་སྐབས་རྒྱ་ནག་གཞུང་གིས་ཉེས་རྡུང་བཏང་སྟེ་བོད་མི་གསུམ་ལ་རྨས་སྐྱོན་ཚབས་ཆེ་བཟོས་ཡོད།
རྒྱ་ནག་གཞུང་གིས་ཐེངས་འདིའི་རི་ཉིལ་གྱི་དོན་རྐྱེན་དེ་ནི། རང་བྱུང་གི་གནོད་འཚེ་ཡིན་ཚུལ་བརྗོད་པ་དང་། རྒྱ་ནག་གི་ཀྲུང་གོའི་ས་གཤིས་བརྟག་དཔྱད་ཚན་པ་ཟེར་བའི་རྒྱ་མ་ཁུལ་དུ་རི་ཉིལ་གྱིི་རྒྱུ་རྐྱེན་ནི། བོད་ཀྱི་བྲག་རི་གཡང་གཟར་ཆེ་བ་དང་། གནམ་གཤིས་འགྱུར་ལྡོིག་ཆེ་བ། ན་ནིང་ནས་བཟུང་ས་གནས་སུ་ཆར་ཆུ་དཀོན་པོ་ཡིན་པར་བརྟེན་ས་ཆ་སྐམ་ཤས་ཆེ་བ་བཅས་ཀྱིས་དོན་རྐྱེན་དེ་བྱུང་ཡོད་ཚུལ་གྱི་སྙན་ཐོ་དོན་ཚན་༤ཅན་ཞིག་བཏོན་ཡོད་པ་རེད།

ཐེངས་ 42239 བཀླགས་འདུག