Donate

རྒྱལ་ཁབ་༤༦གིས་རི་སྐྱེས་སྲོག་ཆགས་ནག་ཚོང་ལ་ཁ་གཏད་གཅོག་རྒྱུ་ཐག་གཅོད་བྱས་པ།

ཟླ་འདིའི་ཕྱི་ཚེས་༡༢ནས་༡༣བར་ཉིན་གཉིས་རིང་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ། འཛམ་གླིང་གི་རྒྱལ་ཁབ་༤༦གི་དབུ་ཁྲིད་དང་བློན་ཆེན་བཅས་ལྷན་འཛོམས་ཀྱིས། རྒྱལ་སྤྱིའི་ནང་རི་སྐྱེས་སྲོག་ཆགས་ནག་ཚོང་ལ་ཁ་གཏད་གཅོག་ཐབས་གྲོས་བསྡུར་དང་། བསྒྲགས་གཏམ་སྤེལ་འདུག བ་སོ།

དབྱིན་ཇི་གཞུང་གིས་གོ་སྒྲིག་གནང་བའི་ལྷན་ཚོགས་དེའི་ཐོག དབྱིན་ཇིའི་རྒྱལ་སྲས་ཆར་ལི་སི་(Prince Charles)མཆོག་དང་། རྒྱལ་སྲས་ཝི་ལམ་ (William)། རྒྱལ་སྲས་ཧཱ་རུའེ་(Harry) སོགས་ཀྱང་མཉམ་ཞུགས་གནང་འདུག

བོད་ཀྱི་བང་ཆེན་ནང་བཀོད་གསལ་ལྟར་ན། རྒྱལ་ཁབ་༤༦ དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡེ་ཚན་ཁག་༡༡ གི་སྐུ་ཚབ་ཀྱིས་ཟླ་འདིའི་ཕྱི་ཚེས་༡༣ ཉིན། དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་འཚོགས་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཚོགས་ཆེན་སྟེང་། <<ལོན་ཌོན་བསྒྲགས་གཏམ་>> ལ་སྤྱི་མོས་བྱུང་སྟེ་ཁྲིམས་འགལ་གྱི་རི་སྐྱེས་སྲོག་ཆགས་ཚོང་འབྲེལ་ལ་ངོ་རྒོལ་བྱེད་རྒྱུའི་ཁས་ལེན་བྱས་འདུག

བསྒྲགས་གཏམ་གྱི་ནང་དུ་སྲོག་ཆགས་ལྐོག་རྔོན་འཚམས་འཇོག་ལ་དགོས་ངེས་ཀྱི་ཞིབ་ཕྲའི་ཐབས་ཤེས་ལག་བསྟར་གཏན་འབེབས་བྱས་ཡོད་པ་མ་ཟད། ཚོགས་ཞུགས་སྐུ་ཚབ་ཚོས་ལྐོག་རྔོན་གྱི་བྱ་སྤྱོད་དེ་ཚབས་ཆེའི་ནག་ཉེས་ཤིག་ལ་ངོས་འཛིན་བྱས།

འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པ་(WWF) ཡིས་ཚོད་དཔག་བྱས་པ་ལྟར་ན། སའི་གོ་ལའི་ཁྱོན་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་ནག་ཚོང་ཁྲོམ་རའི་ལོ་གཅིག་གི་རིན་གོང་དེ་ཨ་སྒོར་དུང་ཕྱུར་ ༡༩༠ ལ་ཟིན་ཡོད་པ་རེད།

རི་དྭགས་ལྐོག་རྔོན་བརྒྱབ་པའི་བྱ་འགུལ་མང་ཤོས་དེ་ཨ་ཧྥི་རི་ཁའི་ནང་དུ་བྱུང་བཞིན་ཡོད་ནའང་། ཁྲོམ་རའི་ཡོང་ཁུངས་གཙོ་བོ་ཨེ་ཤི་ཡ་ཡིན་པ་དང་། ཨེ་ཤ་ཡའི་ནང་རྒྱལ་ཁབ། པེ་ལི་ཕིན་དང་། མཱ་ལེ་ཤི་ཡ། གཙོ་བོ་རྒྱ་ནག་བཅས་མིང་འདོན་བྱས་འདུག་པས་མ་ཚད། ནུབ་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཐོ་གོ་(Togo)ཀྱང་ཚུད་འདུག 

<<ལོན་ཌོན་བསྒྲགས་གཏམ་>>ནང་འཁོད་པ་ལྟར་ན། ལྐོག་རྔོན་བརྟག་དཔྱད་ཀྱི་བྱ་སྤྱོད་དང་རུལ་སུངས། དེ་བཞིན་སྒྲིག་འཛུགས་ཡོད་པའི་ཁྲིམས་འགལ་ཀྱི་འབྲེལ་བ་དེ་ཁ་ཚ་དགོས་གཏུག་གི་ལས་དོན་ཞིག་ཆགས་ཡོད་པ་དང་། ཆིངས་ཡིག་ལ་ས་རྟགས་འགོད་མཁན་གྱི་རྒྱལ་ཁབ་ཁག་གི་བར་དུ་རྒྱལ་མཚམས་ལས་བརྒལ་བའི་མཉམ་འབྲེལ་བྱས་ཏེ། དེའི་སྐོར་གྱི་ཁྲིམས་ལུགས་སྲ་བརྟན་དང་ཉེན་འགོག་འཐུས་ཚང་དུ་གཏོང་དགོས་ཀྱི་ཡོད་པ་རེད།

པགས་པ།<<ལོན་ཌོན་བསྒྲགས་གཏམ་>> ལ་མཚན་རྟགས་འགོད་པའི་ནང་དུ་ཨ་ཧྥི་རི་ཁའི་རྒྱལ་ཁབ་བཞིའི་སྲིད་འཛིན་ཡོད་ལ། ད་དུང་རྒྱ་ནག་དང་ཝེ་ཏི་ནམ་སོགས་ཀྱི་སྐུ་ཚབ་ཀྱང་ཡོད་པ་དང་། ཁྲིམས་འགལ་གྱི་སྲོག་ཆགས་ཚོང་འབྲེལ་དེ་སྲོག་ཆགས་སྲུང་སྐྱོབ་ཀྱི་བརྗོད་གཞི་ལས་བརྒལ་ཏེ་ཆབ་སྲིད་ཀྱི་གླེང་གཞིར་འགྱུར་བཞིན་པ་མཚོན་ཡོད། ཡིན་ནའང་ད་ལྟའི་གནད་དོན་གཙོ་བོ་ནི་ཁས་ལེན་དེ་དག་ཇི་ལྟར་ལག་བསྟར་དང་དོན་འཁྱོལ་ཡོང་མིན་དེ་ཡིན་པ་རེད།

རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་མི་སྣས་ལོོན་ཌོན་དུ། རྒྱུན་དུ་ཉེན་ཁ་འཕྲད་བཞིན་པའི་སྲོག་ཆགས་དེ་དག་གི་ཚེ་སྲོག་སྟོང་ལ་ཉེ་བ་ཆགས་ཡོད་པས། ད་དུང་དུས་ཚོད་འགོར་འགྱང་གཏོང་ན་ཚེ་སྲོག་དེ་དག་གིས་སྒུག་ལོང་མེད་པར་བརྗོད་ཡོད་ཅིང་། ཁོང་ཚོས་<<ལོན་ཌོན་བསྒྲགས་གཏམ་>> དེ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་གནད་དོན་ཐོག་དུས་ཡུན་རིང་ཐུང་ག་ཚོད་ཅིག་གི་བར་དུ་ནུས་པ་འདོན་ཐུབ་མིན་ལའང་དོགས་སློང་བྱས་ཡོད་པ་དང་། ལྷག་པར་དུ་བ་སོའི་ཉོ་ཚོང་སྐོར་ལ་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁ་ཤས་ཀྱིས་བ་སོ་ཡོངས་རྫོགས་ཀྱི་ཉོ་ཚོང་མཐའ་དག་འཚམས་འཇོག་དགོས་པའི་འབོད་སྐུལ་བྱས་ཡོད་པ་མ་ཟད། ད་ལྟ་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བ་སོའི་རྟེན་གཞི་ཆ་ཚང་མེད་པར་བཟོ་དགོས་པ་དང་། གལ་སྲིད་དེ་ལྟར་མ་བྱས་ན། རི་དྭགས་ལྐོག་རྔོན་གྱི་བྱ་འགུལ་འཚམས་འཇོག་མི་སྲིད་ལུགས་བརྗོད་འདུག

ཐེངས་ 42201 བཀླགས་འདུག