Donate

རྩི་ཤིང་དང་སྲོག་ཆགས་ཀྱི་རིགས་རྒྱུད་ལ་འཕྲད་པའི་གནོད་རྐྱེན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཀྱིས་གལ་ཏེ་གོ་ལའི་གནམ་གཤིས་ཀྱི་ཚ་དྲོད་སེལ་ཤས་ ༡.༥ ནས་ ༢.༥ བར་འཕར་ཚེ་དེས་གོ་ལའི་སྐྱེ་དངོས་རིགས་ཀྱི་བརྒྱ་ཆ་ ༢༠ ནས་ ༣༠ བར་རྩ་སྟོངས་སུ་འགྲོ་རྒྱུ་ཡིན་པའི་སྔོན་དཔག་བྱེད་བཞིན་ཡོད།122 བོད་མཐོ་སྒང་གི་གནམ་གཤིས་ཚ་དྲོད་འཕར་བ་དེས་གཏན་ཆགས་འཁྱགས་རིམ་ཉམས་ཆག་གི་རྒྱུ་རྐྱེན་བྱས་ཡོད་ཅིང་།

འདིིའི་མཇུག་འབྲས་ནི་སའི་བརླན་གཤེར་སྐམ་ཟད་དུ་ཕྱིན་པ་དང་། སྐྱེ་དངོས་ནང་ཕན་ཚུན་འཚོ་གནས་ཀྱི་དོན་དུ་ཛ་དྲག་གི་འགྲན་བསྡུར་འབྱུང་བཞིན་པ། གདོད་མའི་སྐྱེ་དངོས་ཀྱི་རིགས་རྣམས་རྩ་སྟོངས་སུ་འགྲོ་བ་དང་། མཐར་ཚུགས་ཀ་བརྟན་པའི་སྐྱེ་དངོས་རིགས་ཀྱིས་ཁོར་ཡུག་ཡོངས་ལ་དབང་བསྒྱུར་བྱེད་པའི་གནས་སྟངས་འབྱུང་བཞིན་ཡོད། ཕྱི་ལོ་ ༢༠༠༨ ལོར་སྐུ་ཞབས་འཇུ་ལི་ཡ། ཀིལིན་དང་ཁོང་གི་ལས་རོགས་ཚོས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་ཉམས་ཞིབ་བྱས་པ་ལྟར་ན། སྔོན་དུས་བོད་མཐོ་སྒང་གི་ས་ཁུལ་དེར་འབེལ་པོ་ཡིན་པའི་རྩི་ཤིང་གི་རིགས་མང་དག་ཅིག་ཚབས་ཆེན་གྱིས་སྟོང་ཟད་དུ་ཕྱིན་ཡོད་པ་བཤད་འདུག ཕྱོགས་ཡོངས་ནས་བཤད་ན་ཕྱི་ལོ་ ༡༩༩༩ དང་ ༢༠༠༡ གི་དུས་ཡུན་ནང་རྩི་ཤིང་རིགས་རྒྱུད་ཀྱི་བརྒྱ་ཆ་ ༢༧ སྟོང་ཟད་དུ་ཕྱིན་པ་མངོན་ཡོད་ཅིང་། ཆེས་ཞིབ་ཚགས་ཀྱིས་བཤད་ན་གནམ་གཤིས་ཚ་དྲོད་འཕར་བའི་རྐྱེན་གྱིས་སྨན་རྩྭའི་རིགས་ཀྱི་རྩི་ཤིང་བརྒྱ་ཆ་ ༢༡ དང་། སྨན་རྩྭ་མིན་པའི་རྩི་ཤིང་རིགས་ཀྱི་བརྒྱ་ཆ་ ༤༠ རྩ་སྟོངས་སུ་ཕྱིན་ཡོད།
འདིས་རང་དབང་གིས་འཚོ་སྡོད་བྱེད་པའི་འབྲོག་པའི་ལམ་ལུགས་ལ་གནོན་ཤུགས་ཆེས་ཆེན་པོ་ཐེབས་ཡོད། རྒྱུ་མཚན་ནི་རྩྭ་ཟའི་བྱ་བས་སྔོ་རྩྭའི་སྐྱེ་དངོས་སྣ་འཛོམས་རྒྱུན་གནས་ཡོང་བའི་རྒྱུ་རྐྱེན་བྱེད་ཀྱི་ཡོད་པ་རེད། དེང་སང་དེ་ལྟ་བུའི་སྐྱེ་དངོས་སྣ་འཛོམས་ཀྱི་རང་བཞིན་དེ་ཉམས་རྒུད་དུ་འགྲོ་བཞིན་ཡོད།
ཉེ་དུས་ཀྱི་ཉམས་ཞིབ་པ་ཁག་གིས་བོད་མཐོ་སྒང་གི་གཏན་ཆགས་འཁྱགས་རིམ་འགོག་ཐབས་མེད་པའི་རྒྱུན་མཐུད་ཀྱི་ཉམས་ཆག་འདིས། སའི་སྟེང་རིམ་གྱི་ཆུའི་མཐོ་ཚད་དམའ་རུ་བཏང་ཡོད་ཅིང་། འདིའི་མཇུག་འབྲས་སུ་ས་གཞིའི་ཕྱི་ངོས་སྐམ་སར་འགྱུར་བཞིན་ཡོད། དེང་སང་རྩྭ་ཐང་དང་སྤང་ལྗོངས་རྣམས་སྔར་མེད་པའི་རྩ་ངན་རིགས་ཀྱིས་ཁྱབ་བཞིན་པ་དང་། ཚ་དྲོད་ཀྱིས་སྤང་རྒྱན་ལ་སོགས་པའི་སྨན་རྩའི་རིགས་ཀྱི་སྐྱེ་འཚར་ལ་འགོག་རྐྱེན་བྱེད་པ་དང་མཉམ་དུ། སྒོ་ཕྱུགས་སེམས་ཅན་ལ་ཕན་ཐོགས་མེད་པ་དང་བྲོ་བ་མེད་པའི་རྩྭ་ངན་གྱི་གྲངས་འབོར་འཕེལ་རྒྱས་སུ་ཕྱིན་པ་འདིས་བོད་མཐོ་སྒང་གི་གདོད་མའི་བཅུད་ལྡན་གྱི་སྔོ་རྩྭའི་རིགས་རྣམས་འཚང་ཁས་སྐྱེ་འཚར་བྱེད་དུ་མི་འཇུག་པ་དེས་སྨན་ལྗོངས་ཀྱི་སྤུས་ཀ་ཉམས་ཞན་དུ་འགྲོ་བཞིན་ཡོད།
ཧུང་ཡན་ཞེ་(Hongyan Xie) ནི་ PhD རིགས་གཅིག་རྐང་འཛིན་པའི་སློབ་གཉེར་བ་ཞིག་ཡིན་ཞིང་། ཁོང་གིས་ཕྱི་ལོ་ ༢༠༠༨ ལོར་གོ་ལའི་ཐོག་ས་ཆ་མཐོ་ཤོས་སུ་སྐྱེ་འཚར་བྱེད་ཅིང་། མེ་ཏོག་ལྡན་པའི་རྩི་ཤིང་གཡའ་ཕིམ་འདྲ་བ་(meconopsis)ཅིག་གི་ཐོག་ཉམས་ཞིབ་བྱས་པ་བརྒྱུད། བོད་མཐོ་སྒང་རི་རྒྱུད་དུ་རྩི་ཤིང་འདི་ཉིད་ཉུང་དུ་ཕྱིན་ཡོད་པ་ཤེས་རྟོགས་བྱུང་འདུག
གནམ་གཤིས་ཚ་དྲོད་འཕར་བ་དང་མཉམ་དུ་གནམ་གཤིས་དྲོ་སར་སྐྱེ་བའི་རྩི་ཤིང་རིགས་ཀྱིས་གྲང་སར་བཙན་འཛུལ་བྱས་ཏེ་ས་མཐོ་སའི་སྐྱེ་དངོས་རྣམས་རང་གི་འཚོ་གནས་ལས་ཕྱིར་འབུད་བྱེད་བཞིན་ཡོད། དེའི་མཇུག་འབྲས་སུ་རྩྭ་ཐང་གིས་སྲོག་ཆགས་འཚོ་སྐྱོང་གི་ནུས་པ་དང་། བོད་ཀྱི་གཙོད་ལྟ་བུའི་རྩྭ་ཁར་བརྟེན་པའི་ས་གནས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་ཐོག་གནོན་ཤུགས་ཐེབས་བཞིན་ཡོད།
ཡང་གནམ་གཤིས་ཚ་དྲོད་ཀྱི་གནས་སྟངས་འདིའི་ལྡོག་ཕྱོགས་ལྟ་བུར། བོད་ཤར་ཕྱོགས་དཀར་མཛེས་ཁུལ་དུ་ཚ་དྲོད་སེལ་ཤས་ཀླད་ཀོར་འོག་གི་ཨང་གྲངས་ ༢༩ བར་ལྷུང་བའི་ཚད་བརྒལ་གྱི་གྲང་ངར་ཆེ་བའི་གནམ་
གཤིས་དང་། བུ་ཡུག་འཚུབ་པའི་གནས་སྟངས་བྱུང་ཡོད་ཅིང་། འདི་ནི་ལོ་ངོ་༢༧ ནང་གི་ཚ་དྲོད་དམའ་ཤོས་ཀྱི་ཟིན་ཐོར་གྱུར་ཡོད། འདིའི་མཇུག་འབྲས་སུ་བོད་ཀྱི་དགོ་བ་གྲངས་ ༥༥ ༠༠ གྲང་ཤི་ཐེབས་པའི་ཐོག་ས་གནས་ཡུལ་མི་དང་སེམས་ཅན་གཞན་དག་ལ་ཡང་ཚབས་ཆེའི་གནོད་སྐྱོན་ཐེབས་ཡོད། ད་དུང་ཉེ་དུས་ཀྱི་ཉེན་ཚབས་ཆེ་བའི་གངས་འཚུབ་གཞན་ཞིག་ནི་ལྷོ་ཁ་ས་གནས་སུ་བྱུང་ཡོད་ཅིང་། ཡུལ་མི་དགུ་ཙམ་ཤི་སྐྱོན་དང་བརྒྱ་ཕྲག་འགའ་ཤས་ལམ་འགག་ཏེ་གངས་སྐྱོན་ལས་མ་ཐར་བའི་གནས་སྟངས་བྱུང་ཡོད་པ་དང་། གནག་ལུག་འབུམ་ཕྲག་ (༡༤༤ ༠༠༠) ལས་བརྒལ་བ་ཤི་སྐྱོན་བྱུང་ཡོད། འདི་ནི་བོད་ཀྱི་བྱུང་རབས་ཀྱི་ཟིན་ཐོའི་ནང་གི་ཉེན་ཚབས་ཆེ་ཤོས་དང་སྡུག་ཤོས་ཀྱི་གངས་འཚུབ་ཅིག་ཡིན་པར་བཤད་འདུག དམིགས་བསལ་བྱུང་རབས་ཀྱི་ཁ་ལོ་བསྒྱུར་བའི་ཚད་བརྒལ་གྱི་གནམ་གཤིས་དེ་ལྟ་བུ་རྒྱུན་མཐུད་ནས་བྱུང་ཚེ། རྒྱལ་ཁབ་ཀྱི་ནགས་ཚལ་ལྟ་རྟོག་དབང་འཛིན་པའི་སྟངས་འཛིན་འོག་ཡོད་པའི་སེམས་ཅན་དེ་ཚོ་ཡང་གཅིག་གྱུར་རྩ་སྟོངས་སུ་འགྲོ་བའི་གནད་དོན་ཙམ་མིན་པར། ཞོར་འབྲེལ་དུ་བོད་ཀྱི་ཞིང་པ་རྣམས་དང་ཁོང་ཚོའི་སྟོན་འབྲས་ཐོན་བསྐྱེད་ཐད་ལ་ཡང་ཆེས་ཉེན་ཚབས་རང་བཞིན་གྱི་བརྡབ་གསིག་ཐེབས་རྒྱུ་ཡིན། ཁོར་ཡུག་དང་ནམ་དུས་ཀྱི་གནས་བབས་དམིགས་བསལ་ལ་ལྟོས་པའི་རྩི་ཤིང་དང་སྲོག་ཆགས་ཀྱི་གྲངས་འབོར་ཉུང་ཟད་དུ་འགྲོ་བ་དང་། ཚད་བརྒལ་གནམ་གཤིས་ཀྱི་དོན་རྐྱེན་དེས་ད་དུང་སྐྱེ་ལྡན་གྱི་རིགས་རྒྱུད་མང་དག་ཅིག་རྩ་སྟོངས་སུ་འགྲོ་བའི་ཉེན་ཚབས་ཀྱི་གནས་སུ་གྱར་ངེས་ཡིན། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་མཁོ་འདོན་གནང་།

ཐེངས་ 42213 བཀླགས་འདུག