Donate

རྩྭ་ཟ་འགོག་སྡོམ་གྱིས་རྩྭ་ཐང་ཡར་རྒྱས་ལ་ཕན་གྱི་ཡོད་དམ།

ཉམས་ཞིབ་པ་འདྲ་མིན་མང་པོས་བཤད་པ་ལྟར་ན། བོད་མཐོ་སྒང་གི་རྩྭ་ཐང་ཉམས་རྒུད་དུ་འགྲོ་བའི་རྒྱུ་རྐྱེན་ནི། གཏན་ཆགས་འཁྱགས་རིམ་ཉམས་རྒུད་དང་། གནོད་ཚབས་ཆེ་བའི་གྱ་ཚོམ་གྱི་གཏེར་ཁ་སྔོག་འདོན། གཞུང་ལམ་འཛུགས་སྐྲུན། རྩྭ་ཐང་ཞིང་སར་བསྒྱུར་བ། གསེར་གྱི་གཏེར་ཁ། རྩ་ས་ཐལ་སྤྱོད་བྱས་པ་སོགས་དང་། གནམ་གཤིས་ཚ་དྲོད་འཕེལ་བའི་རྐྱེན་གྱིས་ས་གཞི་སྐམ་པོར་འགྱུར་བ་བཅས་ཡིན་པར་བཤད་ཡོད།

བོད་མཐོ་སྒང་གི་རྩྭ་ཐང་ཉམས་རྒུད་དུ་འགྲོ་བའི་རྒྱུ་རྐྱེན་དུ་ངོས་འཛིན་ཚོད་དཔག་བྱེད་པའི་གནད་དོན་གྱི་རིགས་ལས་གཞན་པའི་ཡ་མཚན་སྐྱེ་དགོས་པའི་གནས་སྟངས་ཤིག་ནི། ཕྱི་ལོ་ ༢༠༠༤ ལོར་འཇུ་ལི་ཡ། ཀི་ལེན་དང་ཁོང་གི་ལས་རོགས་ཚོས། མཚོ་སྔོན་གྱི་གྲོང་ཁྱེར་ཟི་ལིང་གི་བྱང་ཕྱོགས་སུ་ཆགས་པའི་ཧོ་པེ་(Haibei)ཉམས་ཞིབ་ལྟེ་གནས་ས་ཚིགས་སུ་ཉམས་ཞིབ་ལས་དོན་བསྒྲུབས་པའི་ནང་། རྩྭ་ཟའི་བྱ་བས་རྩྭ་ཐང་ཉམས་རྒུད་འགྲོ་བའི་རྒྱུ་རྐྱེན་མི་བྱེད་པའི་ཐོག་རྩྭ་ཐང་ཉམས་རྒུད་ཀྱི་གནས་སྟངས་ལས་བསྐྱར་གསོའི་རྒྱུ་རྐྱེན་བྱེད་ཀྱིན་ཡོད་པ་གསལ་སྟོན་བྱས་འདུག ད་དུང་ཁོང་ཚོའི་ཉམས་ཞིབ་ལྟར་ན། གནམ་གཤིས་ཚ་དྲོད་དང་རྩྭ་ཟའི་བྱ་བ་གཉིས་ཕན་ཚུན་ནུས་ཤུགས་གཅོག་རེས་བྱེད་པའི་ཐོག རྩྭ་ཟའི་བྱ་བས་ས་ཐོག་གི་གཞི་རྩའི་ཐོན་སྐྱེད་རྩ་འབོར་ཇི་ཡོང་ལ་ཚབས་ཆེའི་གནོད་སྐྱོན་མེད་པ་ཙམ་དུ་མ་ཟད། ད་དུང་རྩྭ་ཟ་མ་བྱས་པའི་ས་ཁུལ་ཁག་ཏུ་ས་ཐོག་གི་གཞི་རྩའི་ཐོན་སྐྱེད་རྩ་འབོར་གྱི་འབོར་ཚད་སྐྱོ་བ་ཡོད་པ་བསྟན་འདུག

ཁོང་ཚོས་རྩྭ་ཟའི་བྱ་བས་དཔྱིད་དུས་ཀྱི་རྩི་ཤིང་སོགས་སྐྱེ་འཚར་གྱི་ནམ་དུས་རྒྱུན་ཇེ་རིང་དུ་གཏོང་བ་དང་། རྩི་ཤིང་གི་ནག་རྫས་དང་ཟེ་རླངས་(nitrogen)ཀྱི་འབོར་ཚད་དོ་སྙོམ་ཡོང་བའི་མཐུན་རྐྱེན་ཡང་བྱེད་ཀྱི་ཡོད།

གཤམ་གསལ་དོན་ཚན་རྣམས་ཀྱི་ནང་གསལ་སྟོན་བྱས་འདུག
• རྩྭ་ཟའི་བྱ་བས་རྩི་ཤིང་གི་ལོ་མའི་ལོ་ཚད་ཆགས་བབ་ལ་བརྗེ་བསྒྱུར་བྱེད་པ་དང་རྩི་ཤིང་རྙིང་པའི་རིགས་རྣམས་བསྐྱར་དུ་འཚར་ལོང་ཡོང་བའི་རྒྱུ་རྐྱེན་བྱེད་པ་ཡིན།
• ཕན་ཐོགས་ཆུང་ཡང་འཕེལ་སྟོབས་ཆེ་བའི་རྩི་ཤིང་ལ་སྟངས་འཛིན་གྱི་མཐུན་རྐྱེན་བྱེད་ཀྱི་ཡོད།
• ཕྱུགས་རིགས་ཀྱི་རྩྭ་ཟས་པའི་ས་ཁུལ་ནང་རྩི་ཤིང་གི་རིགས་རྣམས་རྒྱུན་གནས་ཐུབ་པའི་གོ་སྐབས་ཡོད་ཅིང་། དེ་ལས་ལྡོག་སྟེ་ཕྱུགས་རིགས་ཀྱི་རྩྭ་མ་ཟས་པའི་ས་ཁུལ་ནང་རྩི་ཤིང་རྣམས་ཉམས་བརླགས་སུ་འགྲོ་བཞིན་པ།
• རྩྭ་ཟའི་བྱ་བ་དང་བཅས་པའི་ཚ་དྲོད་ཆེ་སར་ལྟོས་ཏེ་བཤད་ནའང་།
རྩྭ་ཟའི་བྱ་བ་མེད་སའི་ས་ཁུལ་ཁག་ཏུ་རྩི་ཤིང་གི་རིགས་སྟོང་ཟད་དུ་འགྲོ་བའི་ཚད་གཞི་ཆེས་མགྱོགས་པ་ཡོད།
• རྩྭ་ཟའི་བྱ་བས་རྩ་ཁའི་ས་ཁུལ་གྱི་ཐོན་ཤུགས་གོང་འཕེལ་ཡོང་བའི་རྒྱུ་རྐྱེན་བྱེད་པ་མ་ཟད། རྩི་ཤིང་གི་སྐྱེ་སྟོབས་དང་སྤུས་ཚད་གཉིས་ཀའི་ཐོག་གནམ་གཤིས་ཚ་དྲོད་ཀྱི་གནོད་སྐྱོན་ངན་པའི་རིགས་འགོག་སྲུང་གི་བྱ་བ་ཡང་སྒྲུབ་ཀྱི་ཡོད།
རྩྭ་ཐང་རྣམས་ཐེངས་གཅིག་ཉམས་རྒུད་དུ་ཕྱིན་ཚེ། གནམ་གཤིས་ཚ་དྲོད་འཕར་བ་དང་སྡེབས་ཏེ་བྱེ་ཐང་དུ་འགྱུར་བའི་གནས་སྟངས་དེ་རྒྱུན་མཐུད་ཡོང་ངེས་རེད། ཕྱི་ལོ་ ༢༠༠༨ ལོར་བརྒྱབ་པའི་འདྲ་དཔར་དེས་གངས་རིན་པོ་ཆེའི་ཉེ་འགྲམ་གྱི་རྩྭ་ས་བྱེ་ཐང་དུ་འགྱུར་བའི་ཉེན་ཚབས་ཀྱི་གནས་སྟངས་གསལ་པོ་སྟོན་གྱི་འདུག དེང་སང་བྱེ་ཐང་དུ་འགྱུར་བའི་གནས་སྟངས་འདི་ནི་སྤྱིར་བོད་ས་ཡོངས་དང་། བྱེ་བྲག་ཏུ་བོད་བྱང་ཤར་གྱི་རྨ་ཆུ་དང་འབྲི་ཆུའི་ཆུ་འགོའ་ིས་ཁུལ་གྱི་རྩ་ཐང་བྱེ་འགྱུར་གྱི་གནས་སྟངས་དེ་བས་ཀྱང་ཚབས་ཆེན་པོ་ཡིན། ས་གནས་ས་ཐོག་གི་ཉམས་ཞིབ་དང་རྒྱང་ཚོར་ཡོ་ཆས་ཀྱིས་བླངས་པའི་བརྙན་པར་ལ་བརྟེན་ནས། ཕྱི་ལོ་ ༢༠༠༤ ལོར་བརྟག་དཔྱད་བྱས་པ་ལྟར་ན། འབྲི་ཆུའི་ཆུ་འགོའ་ིས་ཁུལ་གྱི་རྩྭ་ཐང་ཉམས་རྒུད་ཕྱིན་པ་དང་རླུང་འཚུབ་སོགས་ཀྱིས་སྟེང་ས་ཉམས་སྐྱོན་ཕྱིན་པའི་ས་ཁྱོན་དེ་སྤྱི་ལེ་གྲུ་བཞི་མ་ཆིག་འབུམ་དྲུག་ཁྲི་བརྒལ་གྱི་ (༡༠༦,༣༠༠) ཡོད་པ་དང་། འདིས་ས་ཁྱོན་ཡོངས་ཀྱི་བརྒྱ་ཆ་ ༦༧ ཟིན་གྱི་ཡོད།
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འཛུགས་སྐྲུན་ལས་གཞི་ཚོགས་པ་(UNDP) ཡི་ཕྱི་ལོ་ ༢༠༠༧ ལོའ་ིསྙན་ཐོ་ལྟར་ན། ལོ་རེར་བོད་ཀྱི་རྩྭ་ཐང་བྱེ་ཐང་དུ་འགྱུར་བའི་ཚད་གཞི་དེ་སྤྱི་ལེ་གྲུ་བཞི་མ་ ༢,༣༣ ༠ ལ་བསླེབས་ཡོད་པ་བཤད་འདུག དབྱང་(Yang M.) དང་ཁོང་གི་ལས་རོགས་ཚོས་ཕྱི་ལོ་ ༢༠༠༤ ལོར་བྱས་པའི་ཉམས་ཞིབ་ལྟར་ན། མཚོ་སྔོན་ས་ཁུལ་གྱི་རྩྭ་ཐང་བྱེ་ཐང་དུ་འགྱུར་བའི་ས་ཁྱོན་དེ་ཞིང་ཆེན་གྱི་ས་ཁུལ་ཡོངས་ཀྱི་བརྒྱ་ཆ་༡༠.༩༥ བསླེབས་ཡོད་པ་བསྟན་འདུག

མིའི་བྱ་སྤྱོད་ལ་བརྟེན་པའི་རྩྭ་ཐང་ཉམས་རྒུད་ཀྱི་རྒྱུ་རྐྱེན་གཞན།
• མེ་འཁོར་ལྕགས་ལམ་དང་གཞིས་སྡོད་པའི་ཆེད་དུ་འཛུགས་སྐྲུན་བྱས་པའི་གྲོང་ཁྱེར་གསར་པ། དེ་བཞིན་རྒྱ་ཆེའི་གཞུང་ལམ་ལ་སོགས་པ་ཡར་རྒྱས་སུ་འདོད་པའི་རྨང་གཞིའི་འཛུགས་སྐྲུན་ཁག
• གཞུང་གི་སྲིད་བྱུས་གསར་པའི་གནོན་ཤུགས་འོག་ས་མ་འབྲོག་གི་སྤྱི་ཚོགས་ཀྱི་གནའ་བོའི་རྩྭ་ཐང་གི་རིགས་རྣམས་ཚོང་ལས་ཡར་རྒྱས་ཀྱི་དོན་དུ་གསར་སྦོལ་བྱས་ཏེ་ཞིང་ས་སོགས་སུ་བསྒྱུར་བ།
• ལྷག་པར་རྒྱ་རིགས་གཞིས་ཆགས་པ་རྣམས་དང་དམག་སྡེ་ཚན་པ་ཁག་གིས་ས་བབ་དམའ་སའི་ཨ་མདོ་མཚོ་སྔོན་པོའི་འབྲོག་ཐང་ས་ཁུལ་དུ་ཡུངས་འབྲུ་འདེབས་ལས་བྱེད་པ།
• ས་གནས་དཔོན་རིགས་ཀྱི་མཐུན་འགྱུར་འོག་སྟངས་འཛིན་མེད་པའི་སྒོ་ནས་གསེར་གཏེར་འདོན་པ་དང་རྩྭ་ཐང་ཁག་ཏུ་ཁྲིམས་འགལ་གྱིས་རི་སྐྱེས་སྨན་རྩ་འཐུ་བ།
• ས་སྐྱེས་རྡོ་སྐྱེས་ཀྱི་གཅན་གཟན་གྱི་རིགས་རྣམས་རྩ་སྟོངས་སུ་གཏོང་བ་འདིས་རྩྭ་ཐང་ལ་གནོད་པའི་སྲོག་ཆགས་ཀྱི་གྲངས་འབོར་འཕེལ་རྒྱས་ལ་དོ་སྙོམ་བཟོ་བའི་རང་བཞིན་གྱི་སྟངས་འཛིན་ཉམས་བརླགས་སུ་གཏོང་བའི་རྒྱུ་རྐྱེན་བྱེད་པ་བཅས། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་མཁོ་འདོན་གནང་།

ཐེངས་ 42167 བཀླགས་འདུག