Donate

རྩྭ་ས་བཙན་འཕྲོག་གིས་གཞུང་ལམ་རྒྱག་འཆར་ལ་ངོ་རྒོལ།

ཉེ་སྔོན་བོད་མདོ་སྨད་བསང་ཆུ་རྫོང་རྒན་གྱ་ཡུལ་ཚོའི་ནང་རྒྱ་ནག་གཞུང་གིས་རྩྭ་ས་བཙན་འཕྲོག་གིས་གཞུང་ལམ་རྒྱག་འཆར་ཡོད་པར་ས་གནས་མི་མང་གིས་ངོ་རྒོལ་དགོས་འདུན་བཏོན་འདུགSangchu County 1དེ་ཡང་རྒྱ་གཞུང་གིས་བསང་ཆུ་རྫོང་རྒན་གྱ་ཡུལ་ཚོ་རིན་ཆེན་སྡེ་བའི་གཞུང་ལམ་བསྐྱར་བཟོ་བྱེད་པའི་ལས་གཞིའི་འོག་འབྲོག་པའི་དགུན་སའི་ཐོག་གཞུང་ལམ་ཁ་བསྒྱུར་བྱེད་རྩིས་ཡོད་སྟབས། ས་གནས་འབྲོག་མང་གིས་སྒར་བརྒྱབ་སྟེ་རང་ས་བཙན་སྲུང་བྱས་ནས་ཉིན་གྲངས་ ༡༠ ལྷག་ཕྱིན་ཡོད་པ་དང་། གལ་སྲིད་སྲིད་གཞུང་གིས་ངེས་པར་དུ་ལས་གཞི་དེ་ལག་བསྟར་བྱ་རྒྱུ་ཡིན་ན། འབྲེལ་ཡོད་དུད་ཁྱིམ་ཚང་མར་རྩྭ་སའི་གུན་གསབ་སྤྲོད་དགོས་པ་མ་ཟད། སྡེ་མི་ཡོངས་ལ་མ་མཐའི་འཚོ་བའི་འགན་སྲུང་དགོས་པའི་རེ་འདུན་བཏོན་འདུག
Sangchu County 2ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་རྒན་གྱ་རིན་ཆེན་སྡེ་བའི་སྡེ་མི་ཞིག་གིས་སྤྱི་ཚོགས་གནས་འཕྲིན་ཁག་ཏུ་པར་དང་ཡི་གེ་བཏང་བའི་ནང་། ཉེ་ཆར་སྲིད་གཞུང་གིས་སྤྱི་ལེ་ ༢ ཅན་གྱི་གཞུང་ལམ་ཞིག་སྔོན་གྱི་ལམ་ཕྱོགས་ནས་མ་སོང་བར་ངེད་ཅག་གི་རྩྭ་ཐང་ཐོག་ལས་རྩིས་ཡོད་པ་དང་། དེ་ལྟར་བྱས་ན་ང་ཚོའི་རྩྭ་ས་མི་ཉུང་བ་ཞིག་ཁ་བྲལ་དང་བཅད་བགོས་བྱས་ཡོད་པ་མ་ཟད། ལྷག་པར་དུ་གལ་ཆེ་བ་ཞིག་ལ་སྡེ་སྨད་ན་རྟག་ཏུ་ཆད་པ་མེད་པའི་ཆུ་མགོ་ཅུང་ཆེན་པོ་ཞིག་ཡོད་པ་དེ་ལའང་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད་ས་རེད།
Sangchu County 3དེར་བརྟེན་རྒྱལ་ཁབ་ཀྱིས་འགྲིམ་འགྲུལ་སྟབས་བདེ་དང་ལམ་ཆེན་ཇུས་འགོད་ཀྱི་སྲིད་ཇུས་དེ་ངེད་འབྲོག་པའི་རུ་སྡེ་ནས་བཟོ་འཆར་ཡོད་པ་ནི། དོན་ལ་ངེད་ཅག་འབངས་མིའི་སེམས་ཁོངས་ལ་གནོད་སྐྱོན་ཚབས་ཆེན་སྐྱེལ་བ་དང་། དཔལ་འབྱོར་གྱི་བཀག་རྡོ་ཆེན་པོ་ཞིག་ཏུ་གྱུར་ཡོད་ཅེས་བཤད་ཆོག ཅེས་དང་།
ཡང་ཁོང་གིས། ངའི་ཕུ་ནུ་དག་གིས་ཁོ་ཅག་གི་ཧམ་པའི་སྲེད་པ་གང་འདོད་དུ་གཡམ་ལ་མི་ཤོར་བའི་སླད་དུ། ཉིན་ཚན་དུས་དྲུག་ཏུ་དེར་གྲུང་ཤ་དོད་ནས་དོགས་ཟོན་བྱེད་བཞིན་ཡོད་ལ། ཕལ་ཆེར་ཉིན་མ་ཡང་བཅུ་གྲངས་ཤིག་ལོན་ཡོད། ཡིན་ནའང་། ས་གནས་སྲིད་གཞུང་གིས་རང་ཉིད་ཀྱི་དཔལ་འབྱོར་དོན་མཐུན་གྱིས་སྲུང་སྐྱོབ་བྱེད་པའི་སྡེ་བའི་རྒན་གྲས་དག་ལ་འདྲི་གཅོད་དང་འཇིགས་སྐུལ་སོགས་བྱེད་པ་ཙམ་ལས། ད་བར་དུ་ལུང་བཙན་ཁུངས་དག་གི་འདུམ་པ་ཞིག་མ་བྱས་ལ། ངའི་ཕུ་ནུ་ཚོས་རང་ཉིད་ཀྱི་སྲོག་ཤིང་ལྟ་བུའི་རྩྭ་ས་ཡངས་པོ་འདིའི་དོན་དུ། ད་རུང་ཡང་སྒར་ཁ་བཏབ་ཏེ་དོགས་ཟོན་བྱས་ནས་འོས་ཤིང་འཚམ་ལ་རང་ཉིད་ཀྱི་དཔལ་འབྱོར་ཆུ་ཚོད་ལ་གནོད་མི་བྱེད་པའི་དྲིས་ལན་རྡོག་པོ་ཞིག་ལ་རེ་ཞིང་སྒུག་བཞིན་ཡོད། ཅེས་བརྗོད་འདུག
Sangchu County 4ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་སྡེ་མི་ཡོངས་ཀྱིས་སྲིད་གཞུང་ལ་རེ་སྐུལ་ཞུ་ཡིག་ཅིག་སྤྲད་པའི་ནང་། གལ་ཏེ་ངེས་པར་དུ་རྩྭ་ས་བཙན་འཕྲོག་བྱས་ཏེ་གཞུང་ལམ་བཟོ་དགོས་པ་ཡིན་ན། ང་ཚོར་རྩྭ་སའི་གུན་གསབ་སྤྲོད་དགོས་པ་མ་ཟད། དེའི་ཐོག་ཡུལ་ཚོའི་ནང་མི་གྲངས་ ༦༨༩ ཡོད་པ་ཚང་མར་འཚོ་བའི་མ་མཐའི་འགན་སྲུང་རོགས་དངུལ་སྤྲོད་དགོས་ལ། རྒྱག་འཆར་ཡོད་པའི་རིང་ཚད་རྨིའུ་ ༢༠༠ ལྷག་ཡོད་པའི་གཞུང་ལམ་དེ། ཟམ་པ་ལྟར་བཟོས་ནས་རྩྭ་ས་བཅད་བཟུང་གི་རྒྱ་ཆུང་དུ་གཏོང་ཐབས་བྱེད་དགོས་པ་དང་། དུད་ཁྱིམ་རེ་རེའི་ནང་རང་བྱུང་ཆུ་འཐེན་འཕྲུལ་ཆས་དང་ཕྱུག་ལས་དྲོད་ཁང་འཛུགས་དགོས་པ་མ་ཟད། དཀའ་ངལ་ཅན་གྱི་དུད་ཁྱིམ་ ༥༠ ཙམ་ལ་སྡོད་ཁང་བསྐྱར་གསོ་དང་ཡང་ན་བསྐྱར་གསོ་བྱེད་པའི་རོགས་དངུལ་སྤྲོད་རྒྱུ་དང་། ཡུལ་ཚོའི་ནང་མ་ཎི་ཚོགས་ཁང་གསར་རྒྱག་དགོས། དེ་བཞིན་ཡུལ་ཚོའི་སྔར་ཡོད་ལམ་ཀར་བཟོ་བཅོས་རྒྱག་དགོས་པ་མ་ཟད། རླངས་འཁོར་བརྡབ་སྐྱོན་རིགས་མི་འབྱུང་ཕྱིར་མྱུར་ཚད་འོས་འཚམ་ཡོང་བར་འགོག་ཐིག་བཟོས་དགོས་སྐོར་བཅས་བཀོད་འདུག
གནས་ཚུལ་ཡོང་ཁུངས་བོད་ཀྱི་དུས་བབ།

ཐེངས་ 42258 བཀླགས་འདུག