Donate

རྩྭ་ས་རྩོད་གླེང་བྱས་ནས་མི་ ༩ སྨན་ཁང་དུ་བསྐྱལ་འདུག

མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་སྡེ་བ་གཉིས་བར་རྩྭ་ས་རྩོད་གླེང་བྱུང་སྟེ་བོད་མི་དགུ་སྨན་ཁང་དུ་བསྐྱལ་ཡོད་པ་དང་། དེའི་ཁྲོད་ཀྱི་བོད་མི་གཅིག་ཛ་དྲག་གི་གནས་སྟངས་འོག་ལྷག་ཡོད་འདུག

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཨིར་སྟི་ཡུལ་ཚོའི་གཡང་རོང་སྡེ་བ་དང་ཆུ་རྔ་སྡེ་བ་གཉིས་བར་ལོ་མང་པོར་ས་ཆའི་རྩོད་གཞི་བྱུང་ཡོད་ཀྱང་། སྡེ་བ་ཕྱོཊ་གཉིས་ཀས་སྲིད་གཞུང་དཔོན་རིགས་རིམ་པར་ལྟག་སྒོ་སོགས་ཐབས་ལམ་འདྲ་མིན་བེད་སྤྱོད་བྱས་སྟབས། ད་ལྟའི་བར་གཞུང་ཕྱོཊ་ནས་ཐག་གཅོད་ཡག་པོ་མ་གནང་བར་ལྷག་ཡོད་འདུག ཉེ་སྔོན་ནས་བཟུང་རྩོད་རྙོག་ཤུགས་ཆེ་རུ་ཕྱིན་ཡོད་པར་མ་ཟད། ཟླ་འདིའི་ཚེས་ ༧ ཉིན་གཡག་ལུང་སྡེ་བའི་མི་ ༢༠༠ ལྷག་ཆུ་རྔ་སྡེ་བའི་ས་ཐོག་ཏུ་ཕྱིན་སྟེ་བོད་མི་ཚོར་གང་བྱུང་གཅར་རྡུང་བྱས་མཐར་ཆུ་རྔ་སྡེ་བའི་མི་ ༩ མཚོ་ལྷོ་ཁུལ་སྨན་ཁང་དུ་བསྐྱལ་ཏེ་མྱུར་སྐྱོབ་སྨན་བཅོས་བྱེད་བཞིན་ཡོད་འདུག

འདིའི་ཐད་ཀུན་བཟང་བསྟན་འཛིན་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལྟར་ན། ཉེ་སྔོན་ཕྱོཊ་གཉིས་བར་གནས་ཚུལ་ཛ་དྲག་ཆགས་སྐབས་གཞུང་ལ་ཡར་ཞུ་བྱས་ཏེ། དྲག་ཆས་དམག་མི་དང་ཉེན་རྟོག་པ་བཅས་རླངས་འཁོར་ ༣༠ ཙམ་ས་གནས་སུ་འབྱོར་ཡོད་ཀྱང་། སྡེ་བ་གཉིས་འཁྲུག་འཛིང་ཤོར་བའི་ཉིན་དེར་དམག་མི་དང་ཉེན་རྟོག་པ་ཚོས་ལྟ་ཙམ་བྱས་རྗེས་ཕྱིར་ལོག་ཡོད་འདུག་ལ། ཁོང་ཚོ་ཕྱིར་ལོག་རྗེས་སྡེ་བ་གཉིས་བར་རྡོ་དང་དབྱུག་པ་ལྕགས་ཁེམ་སོགས་ཀྱིས་རྒྱག་རེ་བྱས་ཏེ། ཆུ་རྔ་སྡེ་བའི་རང་ལོ་ ༥༨ ཡིན་པའི་རྡོ་རྗེ་ཚེ་བརྟན་དང་། ལོ་ ༦༠ ཡིན་པའི་རིན་ཆེན་རྒྱལ། ལོ་ ༦༣ ཡིན་པའི་དབང་མོ་མཚོ། ལོ་ ༦༣ ཡིན་པའི་ནོར་བུ་སྒྲོལ་མ། ལོ་ ༡༨ ཡིན་པའི་ལེཊ་ཚོགས། ལོ་ ༣༠ ཡས་མས་ཡིན་པའི་ཟླ་གྲགས་བཅས་དང་། ད་དུང་མིང་གསལ་བོ་ཤེས་མེད་པའི་བོད་མི་གཉིས་བཅས་ལ་རྨས་སྐྱོན་བཟོས་ཏེ་མཚོ་ལྷོ་ཁུལ་སྨན་ཁང་དུ་མྱུར་སྐྱོབ་སྨན་བཅོས་བྱེད་ཀྱི་ཡོད་འདུག་ལ། རྡོ་རྗེ་ཚེ་བརྟན་ཛ་དྲག་གི་གནས་སྟངས་འོག་ཟི་ལིང་དུ་འཁྲིད་ཡོད་འདུག

ཟླ་འདིའི་ཚེས་ ༡༤ ཡས་མས་སུ་རྒྱ་ནག་གཞུང་ཉེན་རྟོག་པས་གཡང་རོང་སྡེ་བའི་སྡེ་དཔོན་དང་སྡེ་དཔོན་གཞོན་པ་གཉིས་འཛིན་བཟུང་བྱས་ཡོད་པར་མ་ཟད། ད་དུང་གཡ་རོང་སྡེ་བའི་བོད་མི་ཁ་ཤས་ཤིག་ལ་འཛིན་བཟུང་བཀའ་རྒྱ་བཏང་ཡོད་འདུག

ཡོང་ཁུངས་བོད་ཀྱི་དུས་བབ།

ཐེངས་ 42163 བཀླགས་འདུག