Donate

ལོ་བཅུའི་ཚུན་ལ་སའི་གོ་ལ་སྲུང་སྐྱོབ་བྱེད་དགོས་པའི་ཉེན་བརྡ།

སའི་གོ་ལས་དྲོད་ཚད་རྒྱས་ནས་འཛམ་གླིང་གི་གནམ་གཤིས་ཚད་ལས་བརྒལ་བའི་འགྱུར་བ་འགྲོ་བཞིན་ཡོད་པས། ཚ་བའི་ཁུལ་གྱི་མི་སེར་དུང་ཕྱུར་མང་བོ་གནས་སྤོར་བྱེད་དགོས་པ་མ་ཟད། ས་ཆ་ལ་ལར་ཐན་སྐྱོན་ཆེན་པོ་དང་དྲག་རླུང་འཚུབ་རྒྱུ་ཡིན་པ་དང༌། སའི་གོ་ལའི་བྱང་མཐའ་དང་ལྷོ་མཐའི་འཁྱགས་རོམ་ཞི་ནས་རྒྱ་མཚོ་འཕེལ་ཏེ། མཚོ་འགྲམ་གྱི་གྲོར་ཁྱེར་དང་ཡུལ་གྲུ་མང་བོ་ཆུའི་འོག་ཏུ་ནུབ་རྒྱུ་ཡིན་པ། བོད་ཀྱི་མདོ་དབུས་མཐོ་སྒང་གི་ས་ཁུལ་ཁ་ཤས་ལ་ཡང་འདས་པའི་ལོ་བཅུ་གྲངས་ཤིག་གི་ནང་དུ་ཚ་རིམ་གཉིས་ལྷག་འཕར་ཡོད་འདུག

ཉིན་འདི་འགར་རྒྱལ་སྤྱིའི་གསར་ལམ་ཁག་ན་རླུང་ལྟར་གྲགས་པ་ནི་འཛམ་གླིང་གི་རྒྱལ་ཁབ་ཁག ༡༣༠ ཡི་ཚན་རིག་པ་དང་ཆེད་ལས་མཁས་པ་ ༡༥༠༠ ཙམ་གྱིས་སའི་གོ་ལའི་ཚ་དྲོད་འཕར་བ་དང༌། གནམ་གཤིས་འགྱུར་ལྡོག་གི་གནད་དོན་སྐོར་ལ་ཞིབ་འཇུག་དང༌། ལྷག་པར་དུ་གཟའ་འཁོར་སྔོན་མའི་གཟའ་ཟླ་བའི་ཉིན་ཧཕ་རན་སིའི་རྒྱལ་ས་ཕེ་རི་སིའི་ནང་དུ། གཞུང་གི་ཆེད་འདོན་གནམ་གཤིས་རྟག་དཔྱད་ཚོགས་པས་ཛ་དྲག་ཚོགས་འདུ་འཚོགས་ཏེ། ཤོག་གྲངས་ ༡༥ ཅན་གྱི་སྙན་ཐོ་ལ་བསྐྱར་ཞིབ་དང་བགྲོ་གླེང་བྱས་པ་ལྟར་ན། འབྱུང་འགྱུར་གྱི་ལོ་ ༡༠ ནང་ཚུན་ལ་སའི་གོ་ལར་སྲུང་སྐྱོབ་གང་ལེགས་ཤིག་བྱེད་མ་ཐུབ་ཚེ། རིམ་གྱིས་བར་སྣང་གི་རླུང་དཀྱིལ་ཆེན་མོ་ཇེ་མཐུག་དང་སྦད་བཙོག་ཅན་དུ་གྱུར་ནས་འཛམ་གླིང་ཡོངས་ཀྱི་གནམ་གཤིས་ལ་འགྱུར་བ་ཆེན་པོ་འགྲོ་རྒྱུ་ཡིན་འདུག་པ་དང༌། འཛམ་གླིང་སྤྱིའི་དྲོད་ཚད་ཚ་རིམ་ ༤ ནས་ ༥ ལ་འཕར་ཅིང༌། ཡུ་རོབ་གླིང་ལ་ཧ་ལས་པའི་ཚ་བ་རྒྱས་ནས་སེམས་ཅན་གྱི་རིགས་འཚོ་སྡོད་བྱེད་དཀའ་བ་དང༌། གོ་ལའི་དཀྱིལ་ཐིག་སྟེང་གི་མི་སེར་དུང་ཕྱུར་མང་བོ་ས་གནས་གཞན་ལ་གནས་སྤོར་མི་བྱེད་མེད་དུ་འགྱུར་ཞིང༌། ཚ་བའི་ཁུལ་གྱི་བྱེ་ཐང་རྣམས་ཀྱང་རྒྱ་ཆེར་གྱུར་ནས་ས་ཆ་མང་བོ་མྱ་ངན་ཐང་ཆེན་དུ་འགྱུར་ཉེན་ཆེ་བ། ལྷག་པར་དུ་སྐམ་ས་ཆེན་མོ་དང་རྒྱ་མཚོའི་ངོས་ཀྱི་དྲོ་གྲང་དོ་མ་ཉམས་པ་བྱུང་བས་ཡུ་རོབ་ལྷོ་རྒྱུད་དང་བྱང་རྒྱུད་ཀྱི་རྒྱལ་ཁབ། གྷི་རི་སི་དང་སི་པན། ཨི་ཊ་ལི། དབྱིན་ཡུལ་བཅས་ལ་དབྱར་ཁ་ཐན་སྐྱོན་ཆེན་པོ་དང༌། དགུན་ཁ་དྲག་རླུང་འཚུབ་པ་སོགས་རང་བྱུང་ཁམས་ཀྱི་འཇིགས་པ་ཡང་ཡང་འབྱུང་རྒྱུ་ཡིན་ཞིང༌། དེར་བརྟེན་སའི་གོ་ལའི་ལྷོ་སྣེ་དང་བྱང་སྣེའི་འཁྱགས་རོམ་ཞི་ནས་མཐའ་ཡས་རྒྱ་མཚོ་ཆེན་མོ་ཇེ་མཐོར་འཕགས་ཏེ། བྷང་ལ་ཌེ་ཤི་དང་ཧོ་ལན་ཌའི་གླིང་ཕྲན་ཁག་གི་མཚོ་རྒྱུད་ཀྱི་ས་ཁྱོན་ཕོན་ཆེན་པོ་ཆུའི་ནང་ནུབ་རྒྱུ་ཡིན་ཚུལ་སོགས་འཛམ་གླིང་གང་སར་བློ་ཡུལ་ལས་འགོངས་པའི་ཆགས་སྒོ་མང་བོ་བསྟུད་མར་འབྱུང་རྒྱུ་ཡིན་ཚུལ་དང༌། ང་ཚོས་མྱུར་ཏུ་རང་བྱུང་ཁམས་ལ་སྲུང་སྐྱོབ་དང་ཉམ་གསོ། ཁོར་ཡུག་གཏོར་བཅོམ་ལ་མཚམས་འཇོག་དང་ཚོད་འཛིན་མ་བྱས་ན་འབྱུང་འགྱུར་དུས་རབས་འདིའི་མཇུག་ཙམ་ལ། སའི་གོ་ལའི་ལྷོ་སྣེ་དང་བྱང་སྣེའི་གླིང་གི་འཁྱམས་རོམ་ཡོངས་རྫོགས་ཞི་ནས། རྒྱ་མཚོ་ཆེན་པོའི་སྤྱིའི་ཚད་རིམ་སྤྱི་ལེ་ ༢༨ ནས་ ༤༣ གྱི་བར་འཕར་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག་ཅིང༌། སྐབས་དེར་སུས་ཀྱང་རང་བྱུང་ཁོར་ཁམས་ལ་སྒྱུར་བཀོད་དང་སྙོམས་སྒྲིག་བྱེད་ཐབས་མེད་པས། གོ་ལ་ཧྲིལ་བོ་བེད་མེད་དུ་འགྱུར་རྒྱུའི་ཉེན་ཁ་ཡོད་ཚུལ་སོགས། མི་རིང་བར་འཛམ་གླིང་མི་མང་ལ་རང་བྱུང་ཁམས་ཀྱི་དཀའ་ངལ་བཟོད་གླགས་མེད་པ་ཞིག་འཕྲད་རྒྱུ་ཡིན་པས། ད་ལྟ་ཆེས་གཉན་འཕྲང་ཅན་གྱི་དུས་ཤིག་ཏུ་སླེབས་ཡོད་ཚུལ་སོགས་བརྗོད་འདུག

སྐྱི་གཡའ་ཞིང་འཇིགས་ཡེར་བའི་ཆག་སྒོ་འདི་ལྟ་བུ་འབྱུང་བའི་རྒྱུ་རྐྱེན་ནི། འགྲོ་བ་མིའི་རིགས་ཀྱི་ཚོད་མེད་ཀྱི་འདོད་རྔམ་དང་བྱས་ཉེས་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན་པ་ཧ་ཅང་གསལ། དཔེར་ན། རང་བྱུང་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་བཏང་བ་དང༌། ཨ་རིས་གཙོས་བཟོ་ལས་འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་དག་གི་བཟོ་གྲྭ་དང་རླངས་འཁོར་སོགས་འཕྲུལ་ཆས་རིགས་འདྲ་མིན་གྱི་དུ་བ་དང༌། ཁ་ཆེ་རྒྱལ་ཁབ་དག་གིས་གཙོས་རྒྱལ་ཁབ་མང་བོས་རྡོ་སྣུམ་བཞུ་སྦྱང་དང་ལས་སྣོད་བྱས་པའི་དུ་སྤྲིན། རྒྱ་དཀར་ནག་དང་བྱང་ཀོ་རི་ཡ་སོགས་ཀྱི་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་དང༌། དཀྱིལ་ཤར་ཡུལ་གྲུ་སོགས་འཁྲུག་འཛིང་རྒོད་པའི་རྒྱལ་ཁབ་དག་གི་རྡུལ་མཚོན་འབར་གས་སོགས། དུ་བ་འབོར་ཆེན་བར་སྣང་ལ་སོང་ནས་སའི་གོ་ལའི་ཉེ་སར་གནས་པའི་དབྱངས་རླངས་ལ་གཏོར་བཤིག་ཆེན་པོ་ཐེབས་བཞིན་པ་དང་རླུང་དཀྱིལ་ཆེན་པོའི་ནང་ལ་དུག་རླངས་མཐུག་པོ་ཆགས་པས། སའི་གོ་ལ་ཧྲིལ་བོ་འགྱིག་གི་དྲོད་ཁང་ནང་དུ་བཅུག་པ་ཇི་བཞིན་འཛམ་གླིང་ཡོངས་ཀྱི་གནམ་གཤིས་ཇེ་དྲོར་སོང་བ་ཡིན་པས། འཛམ་གླིང་དང་ཚན་རིག་པ་དང་གནམ་གཤིས་བརྟག་དཔྱད་པ། དེ་བཞིན་ཞི་བདེ་བརྟན་ལྷིང་ལ་དགའ་བའི་མི་མང་ཡོངས་ཀྱིས་གོང་གི་རྒྱལ་ཁབ་དེ་དག་ལ་གོ་ལར་སྲུང་སྐྱོབ་དགོས་པའི་འབོད་སྒྲ་སྒྲོག་བཞིན་ཡོད་འདུག


སྤྱིར་ང་ཚོས་སེམས་རྣལ་དུ་ཕབ་ནས་བསམ་བློ་རེ་བཏང་ན། གནས་ཚུལ་ཚབས་ཆེན་འདི་ནི་ད་ལྟ་གསར་དུ་ཤེས་རྟོགས་བྱུང་བ་ཞིག་དང༌། མ་འོངས་པར་མངོན་འགྱུར་བྱེད་དགོས་པ་ཞིག་ག་ལ་ཡིན་ཏེ། ༡༩༨༢ ལོའི་ཟླ་ ༡༢ ནང་དབྱིན་ཇའི་ལོན་ཌོན་གྲོང་ཁྱེར་དུ་དུག་གི་ན་བུན་འཐིབས་ཏེ་མི་ ༨༠༠༠ ཙམ་ཤི་རྨས་བྱུང་བ་དང༌། ཨ་རི་དང་ཁེ་ན་ཊ། ནོར་ཝེ་བཅས་ལ་སྦག་བཙོག་ཅན་གྱི་མཁའ་རླུང་ལས་བབས་པའི་དུག་ཆར་གྱིས་མཐུས། མཚོ་དང་མཚེའུ་ཁྲི་ཕྲག་མང་བོ་དུག་ཆུར་གྱུར་ཏེ་ཉའི་རིགས་རྩ་སྟོངས་སུ་འགྲོ་བཞིན་ཡོད་པ། ལྷོ་ཨ་ཧཕེ་རི་ཁའི་ས་ཧ་ར་བྱེ་ཐང་དང༌། བྱང་ཨ་རིའི་ཨ་ལ་སི་ཀའི་བྱེ་ཐང་སོགས་ལོ་རེར་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པ། ལྷག་པར་དུ་ཉེ་བའི་ལོ་འགའི་རིང་རྒྱ་གར་དང་རྒྱ་ནག ཤྲི་ལིངྒ་བཅས་རྒྱལ་ཁབ་མང་བོ་དྲག་ཆར་དང་རླུང་འཚུབ་ཀྱིས་མི་རྒྱུ་གཉིས་ཀར་གོད་ཆག་ཆེན་པོ་ཐེབས་ཏེ་ཨ་སྒོར་ཐེར་འབུམ་མང་བོའི་གྱོང་གུད་རག་པ་སོགས། འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་གཞིགས་ནའང་མིའི་རིགས་ཀྱི་བཅའ་ཉེས་སྤྱོད་ལོག་གི་མཇུག་འབྲས་ཡིས། ད་ལྟ་འཛམ་གླིང་འདི་ཚད་གང་ཞིག་ཏུ་སྐྱེལ་གྱིན་ཡོད་པ་དང༌། མ་འོངས་པར་གནས་སྟངས་ཇི་འདྲ་ཞིག་ཆགས་རྒྱུ་ཡིན་པ་སོགས་ཧ་ཅང་རྟོགས་སླ། 


གསར་འགྱུར་འབྲི་མཚམས་འདིར་སླེབས་དུས། བདག་གིས་ཉེ་ཆར་རྒྱ་ནག་གི་ཤིན་ཧྭ་གསར་ཁང་ནས་སྤེལ་བའི་བོད་འབྲེལ་གྱི་གནས་ཚུལ་དུམ་བུ་ཞིག་གློ་བུར་དུ་དྲན་སོང༌། དེ་ནི་ལོ་འདི་འགར་བོད་ནང་གི་གནམ་གཤིས་ཚ་དྲོད་མཐོ་རུ་འགྲོ་བཞིན་ཡོད་པ་དང༌། བོད་ཀྱི་ས་ཁུལ་ཁ་ཤས་ལ་ཉེ་བའི་ལོ་བཅུ་གྲངས་ཤིག་གི་ནང་དུ་ཚ་རིམ་གཉིས་ཙམ་འཕར་ཡོད་ཚུལ་དང༌། གནམ་གཤིས་ཇེ་དྲོར་སོང་བའི་རྐྱེན་གྱིས་ཇོ་མོ་གླང་མའི་གངས་དང༌། གངས་ཏེ་སེ་སོགས་བོད་མཐའ་འཁོར་གྱི་གངས་རི་དག་གི་འཁྱགས་པ་ཞི་ནས་དུས་རབས་ཉི་ཤུ་བའི་དུས་མགོ་དང་བསྡུར་ན་དེང་སང་གཡའ་རི་ལྟ་བུར་གྱུར་ཡོད་པ་དང༌། འབྱུང་འགྱུར་བོད་ནང་ཐན་པའི་གནོད་འཚེ་ཆེ་རུ་འགྲོ་རྒྱུ་ཡིན་ཚུལ་སོགས་བཀོད་འདུག་པར་བསམ་ན། ནམ་མཁའ་གཡའ་དག་ཅིང་ས་གཞི་རྡུལ་དག་པ། རྫ་ཆུ་དང་གངས་ཆུ། མཁའ་དབུགས་སོགས་དྭངས་ཤིང་གཙང་ལ་ཡང་ཞིང་བསིལ་བ། གངས་རིའི་ར་བས་བསྐོར་བའི་གནས་མཆོག་འཛམ་གླིང་གི་མི་ཚང་མས་ཤམ་བྷ་ལར་འབོད་པའི་ཡུལ་དེའང་རྒྱ་ནག་གིས་སྔོན་ཆད་མི་དང་ས་ལ་བཙན་འཛུལ་བྱས་ནས་ཁྲག་གིས་རྒྱ་མཚོ་བསྐྱིལ་ཡོད་པ་མ་ཟད། དུས་རབས་ཤིག་གི་ཕྱེད་ཀའི་རིང་ཁོར་ཡུག་གཏོར་བཅོམ་དང་བཟོ་ལས་འཕྲུལ་རིགས་འབོར་ཆེན་བེད་སྤྱོད་བྱས་པ་དང༌། རིམ་གྱིས་རི་སྐྱེས་སྲོག་ཆགས་དང་མཁའ་རླུང་གངས་ཆུ་སོགས་ལའང་བཙན་འཛུལ་དང་བཤུ་གཞོག་བྱེད་མགོ་བརྩམས་པའི་རྐྱེན་གྱིས་གངས་རིའི་ར་བ་བྲག་རིའི་ར་བར་གྱུར་ཏེ་ད་ལྟ་ཉེན་ཁ་འདིའི་མདུན་དུ་ལྷག་པ་སྨྲོས་ཀྱང་ཅི་དགོས། 


བོད་མི་ཕལ་མོ་ཆེ་བ་རོང་འབྲོག་པ་ཡིན་པས། རོང་བ་ཞིང་ལ་བརྟེན་དགོས་པ་དང་འབྲོག་པ་རྩྭ་ལ་བརྟེན་དགོས་པ། རྩྭ་ཞིང་གཉིས་ཀ་གནམ་ལ་བརྟེན་དགོས་པའི་རྟེན་འབྱུང་གི་འཚོ་རྟེན་ངན་ངོན་འདི་ལའང་འཛམ་གླིང་གི་རྡོག་འགྲོས་ཀྱིས་གཉན་འཕྲང་ཞིག་ལ་རང་བཞིན་གྱིས་སླེབས་ཡོད་པ་མ་ཡིན་ནམ། ད་དུང་རྒྱལ་ཁབ་གཞན་ལས་ལྷག་པའི་ཉེན་ཁ་དང་བར་ཐག་ཉེ་ཞིང༌། གཡོལ་ཐབས་མེད་པ། གདུག་རྩུབ་ཆེ་བ་སོགས་འབྱུང་ངེས་ཡིན་པས། གལ་ཏེ་འཛམ་གླིང་ཤི་ན་དེ་མཐུན་དང༌། གལ་ཏེ་འཛམ་གླིང་གསོན་ན་དེ་མཚུངས་ཀྱིས། ང་ཚོས་ད་ལྟ་རང་གདོད་མའི་འཚོ་སྟངས་དེ་བསྐྱུར་ནས། འཛམ་གླིང་དང་དེང་རབས་རང་བཞིན་གྱི་བཟོ་ལས་ཅན་དུ་བཅོས་བསྒྱུར་དང༌། འཛུགས་སྐྲུན་ལ་ཤུགས་སྣོན། དཔལ་འབྱོར་རྩོད་ལེན་བྱས་ཏེ་བོད་མི་རིགས་དབུལ་ཕོངས་ལས་གྲོལ་ཐབས་བྱ་རྒྱུ་ཡིན་ནམ། ཡང་ན་གོང་གི་ཡར་རྒྱས་དང་སྔོན་ཐོན་ཅན་གྱི་རྒྱལ་ཁབ་དག་གི་ཞི་བདེ་དང་བརྟན་ལྷིང་ལ་མོས་པའི་མི་དེ་ཚོའི་རྗེས་སུ་རྒྱུགས་ཏེ། མི་རིགས་དོར་ནས་མི་རིགས་གླེང་ཞིང་བོད་རང་ཉིད་ཀྱི་འཆི་གསོན་བློས་བཏང་སྟེ་སའི་གོ་ལའི་ཚེ་སྲོག་དང༌། འབྱུང་འགྱུར་གྱི་ལོ་ངོ་ཁྲི་ཕྲག་གི་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་ལ་བསམ་ཤེས་ཀྱིས། རང་བྱུང་ཁོར་ཡུག་ལ་གཏོར་བཤིག་དང་བཟོ་ལས་འཛུགས་སྐྲུན་སོགས་ཀྱི་ལས་འགུལ་ལ་ངོ་རྒོལ་དང་དགག་རྒྱག་གིས། མི་དམངས་ཁྲི་སྟོང་མང་བོས་ཕྱོགས་སོ་སོ་ནས་ཡར་ལངས་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན། འདི་ནི་རང་བྱུང་ཆེན་པོས་ད་ལྟའི་ང་ཚོའི་བོད་མི་རིགས་ལ་བཏོན་པའི་ལྗིད་ཏིག་ཏིག་གི་དྲི་བ་ཞིག་རེད།

ཡོང་ཁུངས་བོད་ཀྱི་དུས་བབ།

ཐེངས་ 42117 བཀླགས་འདུག