Donate

ལྷ་རྩེ་རྫོང་དུ་ཆུ་ལོག་གི་གནོད་པ་ཐེབས།

ཡར་ཀླུང་གཙང་བོའི་ཆུ་རགས་ལ་གཏོར་སྐྱོན་ཐེབས་ཏེ་ལྷ་རྩེ་ཁོངས་ཀྱི་གྲོང་སྡེ་ཁག་ཅིག་ལ་ཚད་རིམ་འདྲ་མིན་གྱི་ཆུ་ལོག་གི་གནོད་པ་ཐེབས་ཡོད་འདུག

Lhatseགཞིས་ཀ་རྩེའི་ལྷ་རྩེ་རྫོང་ཁོངས་སུ་ཉིན་བསྟུད་མར་དྲག་ཆར་བབས་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཡར་ཀླུང་གཙང་བའི་ཆུ་རགས་ལ་གཏོར་སྐྱོན་ཐེབས་ཏེ། ཉེ་འགྲམ་གྱི་བཀྲ་ཤིས་སྒང་གྲོང་ཚོའི་སྡེ་བ་གསུམ་གྱི་ས་ཞིང་དང་ནགས་ཚལ་མུའུ་ ༡༦༠༠ ལྷག་ལ་ཆུ་ལོག་འདམ་རྙོག་གི་གནོད་སྐྱོན་ཐེབས་ཡོད་པ་དང་། ཉེ་འགྲམ་གྱི་གྲོང་མི་ཚང་མ་གནས་སྤོས་ཏེ་ས་གནས་གཞན་དུ་འགྲོ་དགོས་ཁེལ་ཡོད་འདུག

རྒྱ་ནག་གཞུང་ཕྱོགས་ཀྱི་བརྒྱུད་ལམ་དུ། གནོད་སྐྱོན་བྱུང་མ་ཐག་ཉེ་འགྲམ་དུ་སྦྱོང་བརྡར་བྱེད་བཞིན་པའི་དྲག་ཆས་ཉེན་རྟོག་ཆུ་གློག་རུ་ཁག་ ༩ པ་ཡུལ་དངོས་སུ་ཆེད་གཏོང་གིས། ཆུ་རགས་ཞིག་གསོ་དང་ཛ་དྲག་མྱུར་སྐྱོབ་ཀྱི་བྱ་བ་དུས་ཐོག་ཏུ་སྤེལ་ཏེ་མི་ཟོག་སེམས་ཅན་ལ་ཤི་རྨས་བྱུང་མེད་སྐོར་བརྗོད་འདུག

ས་གནས་སྲིད་གཞུང་གིས་ཆུ་ལོག་གི་གནོད་སྐྱོན་དེའི་ཁྲོད་ཁྱོན་གྲོང་སྡེ་ ༩ ཡི་ནང་ཚད་རིམ་འདྲ་མིན་གྱི་གནོད་སྐྱོན་ཐེབས་ཡོད་སྟབས། གནོད་སྐྱོན་སྔོན་འགོག་བྱ་བའི་ཚོགས་ཆུང་ཆེད་འཛུགས་ཀྱིས། ས་གནས་ཀྱི་གནས་སྟངས་གོང་རིམ་ལ་ཡར་ཞུ་བྱས་ཡོད་ལ། མིག་སྔར་ཐག་གཅོད་དགོས་པའི་གནད་དོན་གསུམ་ནི། ཆུ་ལོག་འདམ་རྙོག་གི་གནོད་ཐེབས་ས་ཁུལ་གཙང་བཟོ་དང་། ཉེ་འགྲམ་གྱི་གྲོང་མི་ཚོར་བདེ་འཇགས་ཐད་ཡིད་གཟབ་དགོས་པའི་བརྡ་ཁྱབ་གཏོང་བ། ཆུ་ལོག་སྔོན་འགོག་གི་བྱེ་མའི་སྒྱེ་མོ་གྲ་སྒྲིག་དང་ཆུ་རགས་ཞིག་གསོ། རང་བྱུང་ཆུ་ཁུངས་གཙང་བཟོ་དང་ཡུར་རྐ་བརྐོ་བ། གནམ་གཤིས་ཀྱི་འགྱུར་ལྡོག་ལ་དོ་ནན་བྱས་ཏེ་དུས་ལྟར་གནོད་སྐྱོན་སྔོན་འགོག་ལ་གྲ་སྒྲིག་ལེགས་པོ་བྱེད་དགོས་པ་བཅས་ཡིན་སྐོར་བརྗོད་འདུག

བོད་ཀྱི་དུས་བབ་ལས་དྲངས།

ཐེངས་ 42173 བཀླགས་འདུག