Donate

ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་སྐོར།

ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་ནི་བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱེད་ཀྱི་ཡོད་པ་དང༌། ཚོགས་པ་འདི་ཉིད་ཕྱི་ལོ་༡༩༩༧ ལོར་ཐོག་མར་གསར་འཛུགས་བྱས་ཤིང༌། ཕྱི་ལོ་༢༠༠༥ ལོར་རྒྱ་གར་ཧི་མ་ཅལ་མངའ་སྡེ་གཞུང་ལ་ཡིད་ཆེས་དགེ་རྩའི་མིང་ཐོག་ཁྲིམས་མཐུན་དེབ་སྐྱེལ་བྱས་པའི་ཁེ་མེད་སྤྱི་ཚོགས་ཞབས་ཞུ་ཚོགས་པ་ཞིག་ཡིན་ཅིང༌། ཚོགས་པ་འདི་ཉིད་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་པ་ནས་བཟུང་ཚོགས་པའི་ལོ་རེའི་དངུལ་རྩིས་གནས་ཡུལ་གཞུང་གི་ཁྲིམས་ལུགས་ལྟར་རྒྱ་གར་གཞུང་གི་ངོས་འཛིན་ཡོད་པའི་ཆེད་ལས་རྩིས་པས་རྩིས་ཞིབ་ཀྱིས་སྙན་ཐོ་སྟོན་ཀྱི་ཡོད།

ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་གཞི་རྩའི་དམིགས་ཡུལ་ནི་བོད་པའི་སྤྱི་ཚོགས་ནང་གཞི་རིམ་མང་ཚོགས་ལ་དགོས་མཁོ་ཆེ་བའི་ཞབས་ཞུའི་ལས་དོན་སྣེ་མང་བྱ་རྒྱུ་དེ་ཡིན་ཞིང༌། ད་ལྟའི་ཆར་ཚོགས་པའི་གནས་སྟངས་ལ་གཞིགས་པའི་བོད་ཀྱི་ཆོས་རིག་གོམས་གཤིས་དང༌། བོད་དོན་སོགས་ཕྱི་རྒྱལ་མི་སྣར་ངོ་སྤྲོད། ཤེས་ཡོན། འཕྲོད་བསྟེན། ཁོར་ཡུག དྭང་བླངས་ཀྱི་འབྲེལ་མཐུད། དཔར་ལེན་སྒྱུ་རྩལ། ལག་ཤེས་སྦྱོང་བརྡར། དཔེ་མཛོད་ཞབས་ཞུ། དཔེ་དེབ་དང་གྱོན་གོས་ཞལ་འདེབས། རིག་གཞུང་བརྗེ་རེས་སོགས་ཀྱི་སྐོར་ལ་ལས་དོན་གང་ཐུབ་བྱེད་བཞིན་ཡོད་པས་གྲུབ་འབྲས་ཡང་མི་དམན་ཙམ་ཞིག་མཆིས།

འདས་པའི་ལོ་བཅུའི་རིང་རིན་མེད་ཀྱིས་གཙོ་བོ་བོད་རིགས་ན་གཞོན་སློབ་སྦྱོང་གི་གོ་སྐབས་མ་རག་པ་དང་མུ་མཐུད་ཤེས་ཡོན་ལ་དོ་དབྱིངས་དང་ཡར་རྒྱས་གཏོང་འདོད་ཡོད་མཁན་ལ་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག ཧཕ་རན་སིའི་སྐད་ཡིག སི་པན་སྐད་ཡིག ལུས་སྦྱོང་ཡོ་གྷ། གློག་ཀླད་རྨང་གཞི་དང་འབྲིང་རིམ་གྱི་སྦྱོང་བརྡར་བཅས་སྤྲོད་བཞིན་ཡོད་པ་དང༌། དེ་བཞིན་སྐབས་ཕྲལ་དགོས་མཁོ་དང་བསྟུན་ཏེ་ཤེས་ཡོན་སློབ་གསོ་དང་ལག་ཤེས་སྦྱོང་བརྡར་སོགས་ཀྱི་ཟབ་སྦྱོང་ཡང་གོ་སྒྲིག་ཞུ་བཞིན་ཡོད།

འདི་གར་ཉིན་ལྟར་དབྱིན་ཇིའི་འཛིན་གྲྭ་བདུན་དང༌། གློག་ཀླད་འཛིན་གྲྭ་བཞི། ཧཕ་རན་ཆི་འཛིན་གྲྭ་གཉིས། རྒྱ་ཡིག་འཛིན་གྲྭ་གསུམ། ལུས་སྦྱོང་ཡོ་གྷ་འཛིན་གྲྭ་གཅིག་བཅས་འཚོགས་བཞིན་ཡོད་པ་དང༌། དེ་བཞིན་བོད་ཡིག་འཛིན་གྲྭ་དང་བསྐུ་མཉེ་འཛིན་གྲྭ་ཡང་འཚོགས་ཀྱི་ཡོད། ཕྱི་ལོ་༢༠༠༣ ཟླ་༧ ནས་ཕྱི་ལོ་༢༠༡༠ ཟླ་༡༢ བར་སྐད་ཡིག་འཛིན་གྲྭར་འཛུལ་ཞུགས་བྱེད་མཁན་མི་གྲངས་༧༣༦༤ དང༌། གློག་ཀླད་སྦྱོང་མཁན་མི་གྲངས་༡༧༡༥ ཙམ། དེ་བཞིན་བསྐུ་མཉེ་ལག་ཤེས་སྦྱོང་བརྡར་སྤྲད་པ་མི་གྲངས་༡༥༢ དང༌། རྒྱལ་ཁབ་སུམ་ཅུ་ལྷག་ནས་ཕྱི་རྒྱལ་དྭང་བླངས་བ་མི་གྲངས་༤༠༥༧ ཙམ་དང༌། སྤྱི་ཚོགས་ནང་གྱོན་གོས་ཞལ་འདེབས་སྤྲད་པ་གྲངས་༢༢༤༩༠ བྱུང་ཡོད།

དེ་བཞིན་དཔེ་དེབ་གྲངས་༣༠༠༠༠ འབྲེལ་ཡོད་བོད་པ་དང་ས་གནས་རྒྱ་གར་བ་གཉིས་ཀའི་དཔེ་མཛོད་དང༌། ཤེས་ཡོན་སྡེ་ཚན། སློབ་གྲྭ་སོགས་ནང་རིན་མེད་གྱིས་འགྲེམས་སྤེལ་ཞུས་ཡོད། དཔར་རྒྱག་རྒྱུ་རྩལ་གྱི་སྦྱོང་བརྡར་བསྤྲད་པ་མི་གྲངས་༧༥ དང༌། ཕྱི་རྒྱལ་མཐོ་སློབ་དང་གཙུག་ལག་སློབ་གྲྭ་ཁག་ནས་སློབ་ཕྲུག་གྲངས་༥༥༧ ལྷག་དང་མཉམ་རིག་གཞུང་བརྗེ་རེས་བྱས་ཡོད་ལ། ཕྱི་རྒྱལ་མི་སྣ་༨༧༠ ཙམ་ལ་བོད་པའི་སྐད་ཡིག་མཚོན་བོད་ཀྱི་རིག་གཞུང་སོགས་འདྲ་མིན་བསླབས་ཡོད།

ཟླ་རེར་སློབ་སྦྱོང་བྱེད་མཁན་སློབ་མ་གྲངས་༢༠༠ ནས་༢༥༠ ཙམ་དང༌། དགུན་ཁ་སློབ་གྲྭའི་གུང་སེང་སྐབས་ཟླ་རེར་སློབ་ཕྲུག་༤༠༠ ནས་ ༥༠༠ ཙམ་སློབ་སྦྱོང་བྱེད་མཁན་ཡོང་གི་ཡོད་པ་དང༌། དེ་བཞིན་ཟླ་རེར་ཕྱི་རྒྱལ་དྭང་བླངས་བ་མི་གྲངས་ ༡༥ ནས་༣༠ ཙམ་ང་ཚོའི་མཉམ་དུ་ལས་ཀ་བྱེད་བཞིན་ཡོད། ད་ལྟའི་ཆར་སློབ་ཕྲུག་སེར་སྐྱ་ཕོ་མོ་གྲངས་༢༠༠ ལྷག་ཙམ་སློབ་སྦྱོང་བྱེད་མཞིན་པ་ཡིན། སྐད་ཡིག་འཛིན་གྲྭར་ཡོང་མཁན་བོད་མི་ཙམ་མ་ཡིན་པར་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་དང༌། སོག་པོ། རྒྱ་གར། ཀོ་རི་ཡ། ཉི་ཧོང༌། ཐེ་ཝན། འབར་མ་སོགས་མི་ཉུང་བ་ཡོད་ལ། བོད་པའི་སྤྱི་ཚོགས་ཀྱི་ཚོགས་སྡེ་སོགས་ལ་དྭང་བླངས་ཀྱི་ལས་ཀ་བྱེད་མཁན་མང་པོ་འབྲེལ་མཐུད་ཞུས་དང་ཞུ་བཞིན་ཡོད།

བོད་དོན་ཕྱི་རྒྱལ་མི་སྣར་ངོ་སྤྲོད་ཆེད་ཟླ་རེའི་དབྱིན་ཡིག་དུས་དེབ་གཅིག་དཔར་བསྐྲུན་གྱི་རིན་མེད་འགྲེམས་སྤེལ་བྱེད་ཀྱི་ཡོད། ཟླ་རེར་སྨན་དང་སྨན་ཆས་སོགས་ཞལ་འདེབས་བྱུང་བ་བདེ་ལེགས་སྨན་ཁང་ལ་ཞལ་འདེབས་ཕུལ་གྱི་ཡོད། ཕྱི་ལོ་༢༠༠༩ ཟླ་༩ ནས་༡༠ བར་སྤྱི་ཚོགས་ནང་དགོས་མཁོ་ཡོད་པའི་མི་གྲངས་༢༥༠ ལྷག་ཙམ་ལ་རིན་མེད་གྱི་མིག་བརྟག་དཔྱད་དང་འབྲེལ། མི་གྲངས་༡༡༠ ལ་རིན་མེད་ཐོག་མིག་ཤེལ་རོགས་རམ་བྱས་ཡོད། སྤྱིར་ང་ཚོའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་བོད་པའི་སྤྱི་ཚོགས་ཙམ་མ་ཡིན་པར་རུ་ཊར་སྤྱི་ཚོགས་ཞབས་ཞུ་ཚོགས་པ་བརྒྱུད་ས་གནས་ཡུལ་མི་ལ་གང་ཐུབ་རོགས་རམ་བྱེད་ཀྱི་ཡོད།

དེ་བཞིན་ཕྱི་ལོ་༢༠༠༣ ལོ་ནས་བཟུང་ལོ་ལྟར་ཨ་རིར་རྟེན་གཞི་བྱེད་པའི་གཙུག་ལག་སློབ་གྲྭ་ཁ་ཤས་ཀྱི་དགེ་སློབ་ཁག་གཅིག་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་རྒྱུས་ལོན་དང་རིག་གཞུང་བརྗེ་རེས་ཆེད་གོ་སྒྲིག་བྱས་དང་བྱེད་མུས་དང༌། ཐེངས་རེར་དགེ་སློབ་གྲངས་༡༧ ནས་༢༠ བར་ཡོང་གི་ཡོད། ལོ་རེར་རིག་གཞུང་བརྗེ་རེས་ཀྱིས་གོ་སྒྲིག་ཐེངས་༦ ནས་༡༡ བར་བྱེད། འདི་ལོ་རང་ལ་ཕྱི་རྒྱལ་མཐོ་སློབ་གྱི་སློབ་མ་གྲངས་༡༢༠ ཙམ་ང་ཚོའི་མཉམ་དུ་རིག་གཞུང་བརྗེ་རེས་ཀྱི་གོ་སྒྲིག་ཞུས་ཡོད།

ཁོང་ཚོ་རྒྱ་གར་ལ་སླེབས་སྐབས་གཙོ་ཆེ་བ་བོད་མིའི་སྡོད་གནས་ས་ཁུལ་ཁག་གསུམ་ལ་འགྲོ་ཡི་ཡོད་པ་ནི། དྷ་ས་དང༌། སྦིར། མཚོ་པདྨ། ལྡི་ལི་བོད་སྒར་བཅས་ཡིན། ཁུལ་དེར་ཡོད་པའི་བོད་པའི་སྤྱི་ཚོགས་རྒྱུས་ལོན་དང༌། རིག་གཞུང་བརྗེ་རེས༌། དྭང་བླངས་སྤྱི་ཚོགས་ཞབས་ཞུ་སོགས་བྱེད་ཀྱི་ཡོད་པས་ཕན་ཐོགས་གང་ལེགས་ཡོང་གི་ཡོད་པ་བཅས་ད་ཕན་ཀྱི་ལས་བསྡོམས་མདོར་བསྡུས་ཤིག་ཕུལ་བ་ལགས། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ཕྱི་ལོ་༢༠༡༠ ཟླ་༡༢ ཚེས་༢༩ ཉིན།

ཐེངས་ 42159 བཀླགས་འདུག