Donate

ལྷོ་ཨ་ཕི་རི་ཀའི་ནང་བོད་ཀྱི་ཁོར་ཡུག་གལ་གནད་སྐོར་གོ་རྟོགས་ལས་འགུལ་སྤེལ་བ།

ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་ཁང་གིས་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢༧ ཉིན་ལྷོ་ཨ་ཕི་རི་ཀའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། གཱན་དྷི་ཡར་རྒྱས་ཐེབས་རྩ། ཆིག་སྒྲིལ་ཚོགས་པ། ལྷོ་ཨ་ཕི་རི་ཀའི་ཆོས་ལུགས་མཐུན་སྒྲིལ་ཚོགས་པ། རྒྱལ་སྤྱིའི་འཚེ་མེད་ཞི་བའི་བསྟི་གནས་ཁང་། དེ་བཞིན་ལྗང་ཁུ་ཚོགས་པ་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་རྣམས་དང་ལྷན། གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་ཚོགས་འདུག Global-march-2

སྐབས་དེར་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་སྣང་ས་ཆོས་སྒྲོན་ལགས་ཀྱིས་བོད་མཐོ་སྒང་གི་འཁྱགས་རོམ་མྱུར་ཚད་ཆེན་པོས་བཞུ་བཞིན་ཡོད་པ་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱུག་ཆུ་ཆེ་ཁག་ཐོག་ཆུ་མཛོད་མང་པོ་བརྒྱབ་དང་རྒྱག་བཞིན་པ་དེས་མི་འབོར་ཐེར་འབུམ་མང་པོའི་འཚོ་རྟེན་ལ་དོ་ཕོག་བཟོ་བཞིན་ཡོད་པ་སོགས་ངོ་སྤྲོད་ཞིབ་ཕྲ་གནང་བ་མ་ཟད། ༸གོང་ས་མཆོག་གིས་བོད་ཀྱི་ཁོར་ཡུག་གི་གལ་གནད་སྐོར་གྱི་བཀའ་སློབ་སྩལ་བ་བརྙན་འཕྲིན་བརྒྱུད་བསྟན་གནང་།

དེ་བཞིན་༸གོང་ས་མཆོག་གིས་འཛམ་གླིང་སྤྱིའི་ཁོར་ཡུག་གི་གནས་སྟངས་ཉམས་ཆག་འགྲོ་བཞིན་པ་དང་། ལྷག་པར་མཐོ་སྒང་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་ཇི་འདྲ་གཏོང་བཞིན་པ་དེར་ཐུགས་ཚབས་ཧ་ཅང་མཛད་བཞིན་ཡོད་སྐོར་སོགས་གསལ་བཤད་གནང་།

KH-1དེ་རྗེས་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ཉམས་གུད་ཇི་འདྲ་འགྲོ་བཞིན་པའི་གནས་སྟངས་ཐོག་ཉམས་ཞིབ་གནང་བའི་གཞུང་འབྲེལ་ཡིག་ཆ་ཁག་གཅིག་འགྲེམས་སྤེལ་གནང་བར་མང་ཚོགས་རྣམས་ཀྱིས་དོ་སྣང་ཧ་ཅང་གནང་འདུག

མཐའ་དོན་གཅོད་སྣང་ས་ཆོས་སྒྲོན་ལགས་ནས་ཚོགས་བཅར་བ་ཚང་མས་དྲ་རྒྱ་བརྒྱུད་པེ་རི་སིར་རྒྱལ་སྤྱིའི་ལྷན་ཚོགས་སྐབས་བོད་ཀྱི་ཁོར་ཡུག་གལ་གནད་སྐོར་འཛམ་གླིང་དབུ་ཁྲིད་རྣམས་ལ་འབོད་སྐུལ་གནང་རོགས། ཞེས་རེ་འདུན་གནང་འདུག

ཕྱོགས་མཚུངས་ཕྱི་ཚེས་ ༢༩ ཉིན་སྐུ་ཚབ་དོན་གཅོད་དང་ལྷོ་ཨ་ཕི་རི་ཀའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ Tibet Society of South Africa ཞེས་པའི་ཚོགས་མི་རྣམས་ཀྱིས་མི་མང་གོམ་བགྲོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་བ་མ་ཟད། བོད་ཀྱི་ཁོར་ཡུག་ཉམས་ཆག་འགྲོ་བཞིན་པའི་ཉམས་ཞིབ་ཡིག་ཆ་ཁག་འགྲེམས་སྤེལ་རྒྱ་ཆེ་གནང་ཐུབ་པ་བྱུང་འདུག

DSC07945-1024x683དེ་ཡང་མི་མང་གོམ་བགྲོད་ལས་འགུལ་དེ་གྲོང་ཁྱེར་ཌར་བྷན་ Durban གྱི་ཡུལ་སྐོར་སྤྲོ་འཆམ་གྱི་ས་གནས་གྲགས་ཅན་སན་ཀོས་ཊི་ Sun Coast ཞེས་པའི་མཚོ་འགྲམ་ནས་འགོ་འཛུགས་གནང་ཡོད།

ཐེངས་འདིར་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་ཁང་གིས་བོད་ཀྱི་ཁོར་ཡུག་སྐོར་གྱི་གོ་རྟོགས་ལས་འགུལ་སྤེལ་བ་དེ་ནི། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་བོད་མི་གནས་ཡུལ་ས་གནས་ཚང་མར་ས་གནས་ཀྱི་བབ་དང་བསྟུན་ནས་བོད་ཀྱི་ཁོར་ཡུག་གོ་རྟོགས་ཀྱི་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ་ཡོད་པ་དེའི་ཆ་ཤས་ཤིག་ཡིན་འདུག །

དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ལས་དྲངས།

ཐེངས་ 42176 བཀླགས་འདུག