Donate

ཤིང་ཐོག་སོགས་ཀྱིས་རང་བྱུང་ནུས་ལྡན་ཁུ་བ་གང་འདྲ་བཟོ་དགོས་སམ།

ཨན་ཛེ་མེ་ Enzyme འམ་རང་བྱུང་ནུས་ལྡན་ཁུ་བ་ནི་གད་སྙིགས་རློན་པ་སྟེ་སྔོ་ཚལ་དང་ཤིང་ཐོག་རིགས་ཀྱི་ཤུན་ལྤགས་སོགས་བསྙལ་ནས་བཟོས་པའི་ཁུ་བ་བེད་སྤྱོད་ཅན་ཞིག་ལ་ཟེར།

ནུས་ལྡན་ཁུ་བ་ལ་བཟོ་སྟངས་རིགས་གཉིས་ཡོད་ཅིང་། གད་སྙིགས་རློན་པ་སྟེ་སྔོ་ཚལ་དང་ཤིང་ཐོག་རིགས་ཀྱི་ཤུན་ལྤགས་སོགས་བསྙལ་ནས་བཟོས་པའི་སྤྱིར་སྟངས་རྒྱུན་སྤྱོད་ཀྱི་རིགས་ཤིག་དང་། ཡང་ཤིང་ཐོག་ཁོ་ན་ལས་བཟོས་པའི་འཐུང་བྱའི་རིགས་གཅིག་བཅས་སྣ་ཁ་གཉིས་ཡོད།

དགོས་དམིགས། རྒྱུན་ལྡན་འཚོ་བའི་ནང་སྔོ་ཚལ་དང་ཤིང་ཐོག་རིགས་ཀྱི་ཤུན་ལྤགས་སོགས་གད་སྙིགས་རློན་པ་གང་བྱུང་དུ་མི་དབྱུགས་པར། བསྐྱར་སྤྱོད་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱས་པ་བརྒྱུད། འཕྲོད་བསྟེན་བདེ་ཐང་། འགྲོ་སོང་དང་སྒོར་མོ་བསྲི་ཚགས་ཐོག ཚང་མས་ལག་ལེན་དུ་བསྟར་ཚེ་གོ་ལའི་ཚ་དྲོད་བསྙོམ་པ་སོགས་གནོད་འཚེ་མང་པོ་ལས་རྣམ་པར་རྒྱལ་ཐུབ།

བཟོ་སྟངས་དང་ཆ་རྐྱེན། སྤྱིར་སྟངས་རྒྱུན་སྤྱོད་ཀྱི་ཨན་ཛེ་མེ་བཟོ་བར། བུ་རམ་དང་། ཐབ་ཚང་ནང་ནས་བེད་མེད་འཕྲོ་བརླག་ཏུ་ཕྱིན་པའི་སྔོ་ཚལ་དང་ཤིང་ཐོག ཆུ། བཅས་དགོས་ཀྱི་ཡོད་ཅིང་། དེ་དག་མཉམ་གཅིག་ཏུ་བསྲེས་ནས་ཁ་དམ་པོ་ཡོད་པའི་འགྱིག་དམ་ཤིག་གི་ནང་ཉུར་མཐར་དུས་ཡུན་ཟླ་བ་༣བར་བསྙལ་ནས་བཞག་དགོས། ཐོག་མར་བསྙོལ་སྐབས་སུ་སྣོད་དེའི་སྟེངས་ཟླ་ཚེས་བཀོད་དགོས།

 མང་ཉུང་གི་ཚད་གཞི། ཆུས་བླུགས་སྣོད་དེའི་བརྒྱ་ཆ་༥༠དང་། ཤིང་ཐོག་ཤུན་ལྤགས་ཀྱིས་བླུགས་སྣོད་དེའི་བརྒྱ་ཆ་ ༡༥ བུ་རམ་གྱིས་བླུགས་སྣོད་དེའི་བརྒྱ་ཆ་ ༥ ཙམ་ཟིན་དགོས་ཀྱི་ཡོད།

བླུགས་སྣོད་དེ་ཡོངས་སུ་ཁེངས་མི་རུང་ཞིང་སྣོད་ནང་རླུངས་འཁོར་རྒྱུག་བྱེད་སའི་བར་སྟོང་ཤིག་ངེས་པར་དུ་འཇོག་དགོས། བླུགས་སྣོད་འགྱིག་དམ་ཁོ་ན་ལས་ཤེལ་དམ་དང་། རྫ་མ། ལྕགས་ཀྲིན་སོགས་བྱེད་མི་རུང་། མཚམས་རེར་གས་ཆགས་འགྲོ་སྲིད། འགྱིག་དམ་ཀྱང་མཚམས་རེར་གནམ་གཤིས་ཚ་བ་ཆེ་སར་དབུག་ཧ་ཅང་གང་ནས་བརྒྱངས་ཡོད་ཚེ་སྐབས་བབས་ཀྱིས་དབུག་ཏོག་ཙམ་གློད་ནའང་འགྲིག རྒྱུན་དུ་ས་ཆ་བསིལ་སར་འཇོག་དགོས།

འོན་ཀྱང་དེའི་ནང་ཤའི་རིགས་དང་། བྱེ་མ་ཀ་ར་སོགས་རྩ་བ་ནས་བླུགས་མི་རུང་ཞིང་། ད་དུང་ཁུ་བར་དྲི་མ་ཞིམ་པོ་ཆགས་པར་སྒོག་པ་དང་ཙོང་སོགས་ཀྱང་མ་བླུགས་ན་ལེགས།

རྒྱུ་ཆ་གཙོ་བོ། སྔོ་ཚལ་དང་ཤིང་ཐོག་རིགས། Apple ཀུ་ཤུ་དང་། Orange ཚ་ལུ་མ། Pineapple  པེན་ཀུ་ཤུ། Pear ལི། Watermelon ཆུ་རྒུན་འབྲུམ། Grape རྒུན་འབྲུམ། Lemon ལི་མོན། Banana ཀེ་ལའམ་ངང་ལག་སོགས་ཡག་ཤོས་ཡིན།

འཐུང་རུང་བའི་ནུས་ལྡན་ཁུ་བ་དེའང་སྤྱིར་བཟོ་སྟངས་གོང་གསལ་དང་གཅིག་མཚུངས་ཡིན། མི་འདྲའི་ཆ་ནི། འཐུང་རུང་བའི་རང་བྱུང་ནུས་ལྡན་ཁུ་བ་དེ་ཤིང་ཐོག་ཁོ་ནས་བཟོ་དགོས་པ་དང་། དེ་དག་གཙང་མ་བཀྲུས་རྗེས་དུམ་བུར་བཏུབ་དགོས། འོན་ཀྱང་ཤུན་པགས་བཤུ་མི་དགོས་ལ། ཤིང་ཐོག་བྱེ་བྲག་པ་གཅིག་གིས་བཟོས་པའམ་མང་པོ་ཞིག་མཉམ་དུ་བསྲེས་ནས་བཟོས་ནའང་འགྲིག

དེའི་ནང་སྦྲང་རྩི་བླུགས་དགོས་ཤིང་། གོང་ལྟར་ཤ་དང་བྱེ་མ་ཀ་ར་རྩ་ནས་བླུགས་མི་ཉན། བསྙལ་ཡུན་ཉུང་མཐར་དུས་ཡུན་ཟླ་བ་༦ཡིན།

རང་བྱུང་ནུས་ལྡན་ཁུ་བའི་བེད་སྤྱོད། སྤྱིར་སྟངས་ཀྱི་ནུས་ལྡན་ཁུ་བས། ༡། ཆུ་ནང་བླུགས་ཚེ་ཆུ་གཙང་མ་བཟོ་བ་དང་། ༢། བར་སྣང་ལ་གཏོང་ཚེ་མཁའ་རླུངས་གཙང་མ་བཟོ་བ། ༣། སྡོད་ཁྱིམ་ནང་གཏོར་ཚེ་ཁང་པའི་དྲི་ཞིམ་ཁྱབ་ཅིང་ནད་འབུ་མང་པོ་ཞིག་ལས་སྲུང་སྐྱོབ་བྱེད་ཀྱིན་ཡོད། ༤། ཕོར་པ་དང་སྣོད་ཆས་བཀྲུ་བར་གཙང་དག་འགྲོ་བ། ༥། གསང་སྤྱོད་དང་ཆུ་མཛོད་སོགས་བཀྲུ་ཆས་བྱེད་ཚེ་གཙང་དག་འགྲོ་བར་ནུས་པ་ཧ་ཅང་ཆེ། ༦། སྐྲ་བཀྲུ་སྐབས་ཆུའི་ནང་ཏོག་ཙམ་བླུགས་ཚེ་སྐྲ་གཙང་དག་འགྲོ་བས་མ་ཚད་སྐྲ་ལོ་ཡག་པོ་སྐྱེ་བར་ཕན་ཐོགས་ཆེན་པོ་ཡོད། ད་དུང་སྐྲ་བཀྲུ་ཆས་ཀྱི་གཞན་བསྲི་ཚགས་བྱེད་ཐུབ། ༧།མེ་ཏོག་དང་རྩི་ཤིང་ལ་བླུགས་ཚེ་སྐྱེ་འཕེལ་གྱི་ནུས་པ་ཆེན་པོ་ལྡན་ཡོད། ༨།ཞིང་ཁར་བླུགས་ཚེ་ལོ་ཐོག་ཡག་པོ་སྐྱེ་བར་ཕན་ཐོག་ཆེན་པོ་ཡོད་ཁར་དེའི་ནུས་པས་ས་ཡང་སོབ་སོབ་ཏུ་ཆགས་ངེས་ཡིན། ༩། ད་དུང་ཁུ་བ་དང་སྙིགས་རོ་གཉིས་ཀ་བྱེ་སར་ཐོག་བླུགས་ཚེ་སྐྱེ་ལྡན་གྱི་ཞིང་སར་བསྒྱུར་ཐུབ་ཀྱི་ཡོད། ༡༠། གཞན་ཡང་མི་དང་སེམས་ཅན་གྱི་ལྤགས་ནད་དང་རྨ་ཤུ་སོགས་ལའང་བྱུགས་ན་འགྲིག

འཐུང་རུང་བའི་ཨན་ཛེ་མེ། འཐུང་རུང་བའི་ཨན་ཛེ་མེ་དེར་གོང་གསལ་དང་གཅིག་མཚུངས་སུ་བེད་སྤྱོད་དང་ནུས་པ་ཡོད་པའི་ཐོག འཐུང་ཚེ་ལུས་ཁམས་བདེ་ཞིང་། ནུས་སྟོགས་འཕེལ་བ། ལུས་པོ་གཙང་མ་ཆགས་པ་དང་། ཤ་མདོག་ཡག་ཏུ་འགྲོ་བ། མིག་ཤེད་བཟང་བ། ཁྲག་ཤེད་བསྙོམ་པ། རླུངས་ཁམས་གནོན་པ། ཉོབ་སྣང་སད་ཅིང་སྤྲོ་སྣང་འཕེལ་བ། མདོར་ན། ནད་ན་ཚ་དང་ནད་འབུ་སོགས་མི་མཐུན་པའི་རྐྱེན་མང་པོ་ལས་རྣམ་པར་རྒྱལ་བར་ནུས་པ་ཆེན་པོ་ལྡན་ཡོད། 

རང་བྱུང་ནུས་ལྡན་ཁུ་བ་གསར་གཏོང་གནང་མཁན་ནི་ཐའེ་ལན་ཌིའི་མི་སེར་མཁས་དབང་ལྕམ་ Dr. Rosukon ཡིན་ཞིང་། དེ་ནི་ཁོ་མོས་ལོ་ངོ་༣༠ཙམ་གྱི་རིང་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཤིག་ཡིན་ལ།  ཕྱི་ལོ་༢༠༠༣ལོར་ཐའེ་ལན་ཌིའི་རྒྱལ་ས་ Bangkok བྷང་ཁོག་ཏུ་ས་གནས་སྲིད་གཞུང་གིས་ཁོ་མོར་སྲོལ་རྒྱུན་གྱི་ཞིང་ལུད་ཞིབ་འཇུག་ཐད་གྲུབ་འབྲས་ཆེན་པོ་ཐོན་ཡོད་པའི་གཟེངས་བསྟོད་བྱ་དགའ་སྤྲད་ཡོད་པ་རེད།

ཐེངས་ 42221 བཀླགས་འདུག