Donate

སོག་པོའི་འབྲོག་པ་ ༣༠ འཛིན་བཟུང་བྱས།

ནང་སོག་རང་སྐྱོང་ཁུལ་གྱི་ས་གནས་དཔོན་རིགས་ཚོས་འབྲོག་པའི་ས་ཆ་བཙན་འཕྲོག་བྱས་ཏེ་འབྲོག་པ་ ༣༠ འཛིན་བཟུང་བྱས་ཡོད་འདུག

26092320424_a0179d3a9e_oནང་སོག་རང་སྐྱོང་ཁུལ་གྱི་བྱང་ཤར་དུ་ཡོད་པའི་ཞིན་ཨན་མན་གྱི་སོག་རིགས་དང་མན་ཇུའི་མི་རིགས་གནས་སྡོད་བྱས་ཡོད་པའི་གྲོང་ཚོ་མན་ཙུའུ་ཐུན་གྱི་མགོ་འཁྲིད་ཚོས། ཕྱི་ནས་ཡོང་བའི་ཡུལ་སྐོར་སྣེ་ལེན་སོགས་ཀྱི་ཁེ་ལས་གཉེར་མཁན་ཚོར་ངན་འབྲེལ་བྱས་ཏེ། ས་གནས་ཀྱི་འབྲོག་པ་མང་པོའི་ས་ཆ་བཙན་འཕྲོག་གིས་ཁེ་ལས་བར་བཙོང་བ་དང་བོགས་མར་གཏོང་བ་སོགས་བྱེད་བཞིན་ཡོད་སྟབས། ཁ་སང་སྔ་དྲོར་ས་གནས་འབྲོག་པ་མང་པོ་འདུ་འཛོམས་ཀྱིས་བཙན་འཕྲོག་བྱས་པའི་ས་ཆ་རྣམས་ཕྱིར་སྤྲོད་དགོས་པའི་པའི་འབོད་སྐུལ་བྱེད་སྐབས། ཉེན་རྟོག་པས་འབྲོག་པ་ ༣༠ འཛིན་བཟུང་བྱས་ཡོད་འདུག

འབྲོག་པ་ཚོས་ས་གནས་སྲིད་གཞུང་ལ་འབོད་སྐུལ་ཡི་གེ་ཞིག་སྤྲད་པའི་ནང་། དེ་རིང་དམིགས་བསལ་ཉེན་རྟོག་པ་ཟེར་བ་ཞིག་ཡོང་སྟེ་ང་ཚོའི་སྤུན་ཟླ་རྣམས་ཅིའི་ཕྱིར་འཛིན་བཟུང་བྱས་པ་རེད། ང་ཚོའི་སྤུན་ཟླ་རྣམས་ཀྱིས་ཁྲིམས་འགལ་གྱི་བྱ་བ་གང་ཡང་བསྒྲུབས་མེད་ལ། གུང་ཁྲན་ཏང་གི་སྲིད་བྱུས་ལ་རྒྱབ་འགལ་བྱས་མེད། ང་ཚོས་ང་ཚོའི་ས་ཆ་ཕྱིར་སྤྲོད་རོགས་ཟེར་གྱི་ཡོད། འབྲོག་པ་ལ་ས་ཆ་དང་རྩྭ་ཐང་མེད་ཐབས་མེད་པས་ང་ཚོའི་ས་ཆ་ཕྱིར་སྤྲོད་རོགས། ཞེས་དང་། ཁོང་ཚོ་མི་རབས་ནས་མི་རབས་བརྒྱུད་རྩྭ་ཐང་དེར་ནོར་ལུག་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་ཡིན་སྟབས། རུལ་སུངས་ཀྱི་དཔོན་རིགས་ཚོ་ཕམ་པར་བརྒྱབ་སྟེ་སོ་སོའི་ས་ཆ་ཕྱིར་མ་རག་བར་དུ་དྲང་བདེན་གྱི་ཆེད་དུ་འཐབ་རྩོད་མཐའ་སྐྱེལ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

དེ་རིང་འཇར་མན་ནང་བཙན་བྱོལ་དུ་ཡོད་པའི་སོག་པོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་ཚོགས་གཙོ་ཞི་ཧེ་མེན་གྱིས་གསར་འགོད་པར། རྒྱ་གཞུང་གིས་སོག་པོའི་ས་ཆ་བཙན་འཕྲོག་བྱས་ཏེ་འཚོ་ཐབས་བྲལ་བ་ཞིག་བཟོ་ཡི་ཡོད་པར་བརྟེན་ཉེ་ཆར་སོག་པོའི་ནང་གནས་ཚུལ་མང་པོ་བྱུང་ཡོད་པ་དང་། འབྲོག་པ་དང་ཞིང་པ་སུ་ཡིན་ཡང་ས་ཆ་མེད་ན་འཚོ་ཐབས་མེད་ལ། རྒྱ་གཞུང་གིས་འཕྲོག་པའི་ས་ཆ་དེ་ཚོ་སོག་པོ་ཚོའི་ཡབ་མེས་ནས་བརྒྱུད་ཡོང་བའི་ཕ་གཞིས་ཡིན་སྟབས། ས་ཆ་འདི་སོག་པོའི་འཚོ་གནས་ཀྱི་རྟེན་གཞི་དང་སོག་པོ་རང་ཉིད་ལ་དབང་བའི་ས་ཆ་ཡིན་ཡང་། ད་ལྟ་རྒྱ་གཞུང་གིས་རྒྱལ་ཁབ་ཀྱི་རེད་ཅེས་བཙན་འཕྲོག་བྱེད་ཀྱི་ཡོད་ན་སོག་པོ་ཚོ་གནས་ཐབས་མེད་པའི་སར་བསྐྱལ་བ་ཡིན་སྐོར་དང་། ཕྱི་ནས་ཡོང་བའི་ཚོང་པ་ཚོས་ས་གནས་དཔོན་རིགས་ཚོར་ལྐོག་རྔན་སྤྲད་དེ། ངན་པ་ལག་འབྲེལ་གྱིས་འབྲོག་པའི་ས་ཆ་རྣམས་བཙན་འཕྲོག་བྱེད་ཀྱི་ཡོད་པས་མཐའ་མ་དཀའ་སྡུག་མྱོང་མཁན་དེ་མི་མང་ཡིན་སྐོར་བརྗོད་འདུག

གནས་ཚུལ་ཡོང་ཁུངས་བོད་ཀྱི་དུས་བབ།

ཐེངས་ 42180 བཀླགས་འདུག