Donate

སྟག་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་གཏན་འབེབས།

སྟག་ནི་སྟོངས་ལ་ཉེ་བའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་གྲས་ཤིག་ཡིན་པ་དང༌། རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཛ་དྲག་གི་ཟིན་ཐོ་དམར་པོའི་ཟུར་རྒྱན་དང་པོའི་ནང་བཞག་ཡོད། ཕྱི་ལོ་ ༡༩༧༥ ལོ་ནས་བཟུང་རྒྱལ་སྤྱིའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་གི་ཁྲིམས་ཡིག་ནང་སྟག་གི་གཟུགས་པོའི་ཆ་ཤས་ཉོ་ཚོང་བྱས་ན་ཁྲིམས་འགལ་དུ་བརྩིས་ཏེ་བཀག་སྡོམ་བྱེད་ཀྱི་ཡོད།རྒྱ་ནག་གིས་ཕྱི་ལོ་ ༡༩༩༣ ནང་སྟག་གི་ལུས་པོའི་ཆ་ཤས་ཉོ་ཚོང་བྱས་ན་ཁྲིམས་འགལ་དུ་བརྩིས་པ་དང༌། གཞུང་གིས་སྟག་སྲུང་སྐྱོབ་བྱེད་རྒྱུ་དེ་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་གྲས་སུ་བཞག་ཡོད་ཀྱང་སྲུང་སྐྱོབ་ཀྱི་ཁྲིམས་ཡིག་ལ་བརྩི་སྲུང་དང༌། སྲུང་སྐྱོབ་ཀྱི་ལས་འགུལ། དེ་བཞིན་ནུས་ཐོན་གྱི་ལས་དོན་སོགས་བྱེད་ཀྱི་མེད།

རྒྱ་གར་ནང་སྟག་རྔོན་རྒྱག་དེ་ཕྱི་ལོ་ ༡༩༧༢ ནས་ཁྲིམས་ཐོག་ནས་མཚམས་འཇོག་དགོས་པའི་ཐག་གཅོད་དང་འབྲེལ། རིམ་པ་དང་པོའི་སྲུང་སྐྱོབ་ཀྱི་གྲས་སུ་བཞག་སྟེ་སྲུང་སྐྱོབ་ཀྱི་ལས་དོན་བྱེད་བཞིན་ཡོད་པ་དང༌། ཡིན་ནའང་ཕྱི་ལོ་ ༡༩༧༤ ལོར་གཅན་གཟན་པགས་རིགས་ནག་ཚོང་དོན་རྐྱེན་ཐོག་མ་དེ་ལྷགས་ནས་སྐབས་དེ་དུས་པགས་རིགས་གྲངས་ ༦༨༠ གཞུང་བཞེས་བཏང་ཡོད་པ་དང་དེའི་ནང་སྟག་ལྤགས་དང༌། གཟིག་ལྤགས། སྲམ་ལྤགས་སོགས་ཡོད་པ་རེད།

ཉི་ཧོང་རྒྱལ་ཁབ་དེ་སྤྱིར་རྒྱལ་སྤྱིའི་ནང་སྟག་གི་རུས་པ་ཚོང་འདྲེན་བྱེད་མཁན་ཤུགས་ཆེ་ཤོས་ཤིག་ཡིན་ཡང་ཕྱི་ལོ་ ༡༩༩༩ ལོར་མཚམས་འཇོག་བྱས་ཡོད་པ་རེད། རྒྱ་དཀར་ནག་གཉིས་ཀའི་ཁྲིམས་ཐོག་ནས་སྟག་གཟིག་རྔོན་རྒྱག་དང་དེ་དག་གི་པགས་པ་དང་རུས་པ་སོགས་ཉོ་ཚོང་བྱས་ན་ཁྲིམས་འགལ་ཡིན། ལྷག་པར་དུ་འཛམ་གླིང་སྤྱི་ཡོངས་སུ་སྟག་གཟིག་གསོད་པ་དང་དེའི་ཆ་ཤས་སོགས་ཉོ་ཚོང་བྱེད་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་གཞི་དང་ཡོངས་སུ་འགལ་གྱི་ཡོད།

སྟག་གི་སྤུ་མདོག་དང་རི་མོ་སོགས་ཆེས་མཛེས་པོ་ཡོད་པས། རང་བྱུང་ཁམས་ཀྱི་མཛེས་རྒྱན་ལྟ་བུར་ཆགས་ཡོད། སྲོག་ཆགས་འདི་རིགས་ཇི་སྲིད་ནམ་གནས་བར་མུ་མཐུད་དེ་འཚོ་གནས་ཐུབ་པར་ཚང་མས་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་ལ་བརྩི་བཀུར་དང༌། ལས་དོན། འགན་འཁུར་སོགས་བྱེད་དགོས། ཉེ་བའི་ལོ་ཤས་རིང་རྒྱལ་སྤྱིའི་ནང་རྩ་ཆེའི་རི་སྐྱེས་སྲོག་ཆགས་མང་པོ་སྲུང་སྐྱོབ་བྱེད་རྒྱུའི་ལས་དོན་ལ་འཐུས་ཤོར་ཕྱིན་པ་མ་ཟད། རི་སྐྱེས་སྲོག་ཆགས་མང་པོ་ཞིག་ཀྱང་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་བྱུང་ཡོད་པ་རེད། དེའི་ནང་རི་སྐྱེས་སྲོག་ཆགས་རིགས་ཀྱི་ལུས་ཀྱི་ཆ་ཤས་མིའི་འདོད་རྔམ་དང་དགོས་མཁོ་ལ་བརྟེན་ནས་སྤྱི་ཚོགས་ཐོག་དཔལ་འབྱོར་གྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད་པས་སེམས་ཅན་དེ་དག་ཁྲིམས་འགལ་གྱི་ཐོག་ནས་ཡ་ང་སྙིང་རྗེ་གང་ཡང་མེད་པར་རྔོན་པ་ཚོས་ལྐོག་གསོད་བྱས་ཏེ་ཁྲིམས་འགལ་གྱིས་ཁྲོམ་རྭའི་ཐོག་ཉོ་ཚོང་བྱེད་བཞིན་ཡོད་པ་རེད།

རྩ་ཆེའི་སྟག་གི་རུས་པ་ཉོ་ཚོང་བྱེད་རྒྱུ་དེ་རྒྱ་གར་ནང་ཕྱི་ལོ་ ༡༩༨༠ དཀྱིལ་མཚམས་སུ་དར་ཁྱབ་ཆེ་རུ་ཕྱིན་ཡོད་པ་དང༌། རྗེས་སུ་ཞིབ་འཇུག་བྱེད་དུས་སྲོག་ཆགས་དེའི་ལུས་ཀྱི་ཆ་ཤས་རུས་པ་སོགས་རྒྱ་ནག་ཏུ་རྟེན་གཞི་བྱས་པའི་སྨན་གྱི་བཟོ་གྲྭ་ཁག་ཏུ་སྲོལ་རྒྱུན་གྱི་སྨན་རིགས་དང་ཆང་རག་གི་ཐོན་རྫས་ལ་དགོས་མཁོ་ཆེན་པོ་ཡོད་པས་ལྷོ་ཤར་ཨེ་ཤི་ཡ་དང་རྒྱ་ནག སི་བྷེ་རི་ཡ་བཅས་སུ་སེམས་ཅན་དེ་རྣམས་བསད་པའི་གྲངས་འབོར་ཚད་མཐོ་དང་ཉོ་ཚོང་བྱེད་རྒྱུ་གཞི་རྒྱ་ཆེ་རུ་ཕྱིན་པ་རེད། དེར་བརྟེན་རྒྱ་གར་གྱི་སྟག་དེ་དག་ཁོ་ཚོས་དགོས་མཁོ་དང་བེད་སྤྱོད་བྱེད་རྒྱུའི་དཔལ་འབྱོར་ཡོང་ཁུངས་གསར་པ་ཞིག་ཆགས་ཡོད། རྒྱ་ནག་དང་ཐེ་ཝན། ཀོ་རི་ཡ། ཉི་ཧོང་བཅས་ཀྱི་གཙོས་ཡུལ་གྲུ་དེ་དག་ནང་སྟག་གི་རུས་པ་སྨན་རྫས་དང་ཆང་རག་ཐོན་སྐྱེད་བྱེད་རྒྱུར་ཆེས་དགོས་མཁོ་དང༌། སྟག་གི་ལུས་ཀྱི་ཐོན་རྫས་ཁྲོམ་རྭར་འགྲོ་རྒྱུགས་ཆེན་པོ་ཡོད་པས་སྟག་རུས་ནག་ཚོང་གི་མྱུར་ཚད་ཇེ་མགྱོགས་དང་ཚོང་འབྲེལ་བྱེད་མཁན་ཇེ་མང་དུ་ཕྱིན་ཏེ་སྲོག་ཆགས་དེ་དག་གསོད་མཁན་དང་ཆ་ཤས་ཉོ་ཚོང་བྱེད་མཁན་མུ་མཐུད་བྱུང་དང་འབྱུང་བཞིན་པ་རེད།

ཐེངས་ 42169 བཀླགས་འདུག