Donate

སྤྲ་དང་སྤྲེའུ་རིགས་ངོ་སྤྲོད།

སྤྲ་དང་སྤྲེའུ། སྲོག་ཆགས་སྤྲེའུ་རིགས་ནི་འོ་འཐུང་སྲོག་ཆགས་ཀྱི་རིགས་སུ་གཏོགས་པ་དང༌། སྤྲེའུ་ཞེས་པ་འདི་ལ་རིགས་མི་འདྲ་བ་ཆེས་མང་པོ་ཡོད་པས། སྤྲེའུ་གནས་ཡུལ་ས་གནས་རེ་ལ་རིགས་མི་འདྲ་བ་རེ་ཡོད་པ་རེད་ཅེས་ཕལ་ཆེར་བཤད་ཆོག

སྤྲ་དང་སྤྲེུ་རིགས།སྤྲེའུ་རིགས་མང་ཆེ་བ་ཤིང་ནགས་གསེབ་དང་རོང་ཁུལ་ཏུ་གནས་ཤིང༌། ཁ་ཟས་གཙོ་བོ་ཤིང་ཏོག་དང༌། རྩི་ཤིང༌། ཤིང་ལོའི་རིགས་ཟས་སུ་ལོངས་སྤྱོད་བྱེད། འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ནང་གསལ་བ་ལྟར་ན་སེམས་ཅན་དེའི་རིགས་ལུས་ཀྱི་རིང་ཚད་ལ་ཕི་ཊི་ ༠་༤༥ ནས་ ༠་༥ བར་ཡོད་པ་དང༌། ལྗིད་ཚད་ལ་སྤྱི་རྒྱ་ ༨ ནས་ ༡༤ བར་ཡོད་པ་བཤད་འདུག

སྤྲེའུ་རིགས་ནི་ཤིང་སྡོང་དང་བྲག་ལ་འཛེགས་རྒྱུར་དགའ་ཞིང༌། མཆོང་རྩལ་ཡང་ཆེས་ཆེ། རྒྱུན་དུ་ཁྱུ་ཚོགས་བྱས་ཏེ་འཚོ་གནས་བྱེད་བཞིན་ཡོད། ངོ་གདོང་དང་རྐུབ་ལ་སྤུ་མེད། རྔ་མ་ཕྲ་ཞིང་ཅུང་རིང༌། སྤུ་མདོག་མང་ཆེ་བ་འདྲ་ཡི་མེད་པ་དང༌། ས་གནས་དང་གནམ་གཤིས་ལ་གཞིགས་པས་སྤུ་མདོག་ཡང་དེ་ལྟར་ཡོང་གི་ཡོད་པར་སྣང༌། བོད་དུ་སྤྲེའུ་རིགས་འགའ་ཤས་གནས་ཀྱི་ཡོད་པས། དེའི་ནང་ནས་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་གྲས་སུ་ཡོད་པའི་ཁམས་ཀྱི་སྤྲེའུ་སེར་པོ་དང༌། གངས་སྤྲེལ། སྤྲ་རྔ་རིང་སོགས་ཡོད་པ་དང༌། ཁམས་ཀྱི་སྤྲེའུ་སེར་པོ་གནས་ཡུལ་བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད་ནང་གསལ་བ་ལྟར་ན། སྤྲེའུ་སེར་པོ་ནི་གྲང་ངར་ཆེ་བའི་གནམ་གཤིས་སུ་གནས་ཐུབ་ཀྱི་ཡོད་པ་དང༌། དོམ་ཁྲ་དང་འཚོ་གནས་བྱེད་ཡུལ་གཅིག་ཡིན་པ་གང་ཞིག་ལ། དེ་ལས་གནས་ཡུལ་ཁྱབ་ཆེ་བ་ཡོད་འདུག

དཔེར་ན་སྨར་ཁམས་དང་དེ་བཞིན་ནགས་ཚལ་ས་ཁུལ་སོགས་སུ་གནས་ཀྱི་ཡོད་པར་བཤད། སྤྲེའུ་སེར་པོ་ནི་མཐོ་ཚད་ལ་མི་ཊར་ ༢༥༠༠ ནས་ ༣༥༠༠ བར་གནས་ཡོད་པ་དང༌། ལུས་ཀྱི་རིང་ཚད་ལ་སན་ཊི་མི་ཊར་ ༦༠ དང༌། རྔ་མའི་རིང་ཚད་ལ་ལུས་ཀྱི་རིང་ཚད་ལས་ཅུང་ཙམ་རིང༌། ཁ་ཟས་གཙོ་བོ་རྩི་ཤིང་དང༌། ཤིང་ཐོག སྐབས་རེ་བྱའི་སྒོ་ང་སོགས་ཟ་ཡི་ཡོད། སྤྲེའུའི་རིགས་མང་ཆེ་བ་ཁྱུ་ཚོགས་བྱས་ནས་སྡོད་སྲོལ་ཡོད་པ་ལྟར། སྤྲེའུ་སེར་པོ་ཡང་ཁྱུ་ཚོགས་བྱས་ནས་སྡོད་ཀྱི་ཡོད་པ་དང༌། ཁྱུ་ཚོགས་རེའི་ནང་ ༢༠ ནས་ ༥༠ བར་དང༌། མང་བའི་སྐབས་སུ་༢༠༠ ལྷག་འདུས་ཀྱི་ཡོད།

སྤྲེའུ་འདི་རིགས་ཆགས་འཕེལ་དུས་ཚོད་ནི་ཕྱི་ཟླ་ ༡༠ ནས་ ༡༢ བར་ཡིན་པ་དང༌། སྐྱེ་འཕེལ་དུས་ཚོད་ནི་ཕྱི་ཟླ་ ༤ ནས་ ༦ པར་ཡིན། སྐྱེ་འཕེལ་ཐེངས་གཅིག་ལ་གཅིག་ལས་ལྷག་མི་སྐྱེ། ད་ལྟའི་ཆར་སྤྲེའུ་འདི་རིགས་གྲངས་འབོར་ ༡༠༠༠༠ ནས་ ༡༥༠༠༠ བར་ཡོད་པ་ཚོད་དཔག་བྱེད་བཞིན་ཡོད། སྤྲེའུ་འདིའི་སྤུ་དང་པགས་པའི་ཆེད་རྔོན་རྒྱག་བྱེད་མཁན་མང་པོ་ཡོང་གི་ཡོད་པས་སྟོངས་ལ་ཉེ་བའི་རྩ་ཆེའི་སྲོག་ཆགས་སྲུང་སྐྱོབ་ཀྱི་གྲས་སུ་ཡོད་པ་རེད།

གངས་སྤྲེལ་ནི་བོད་ས་ཁུལ་གྱི་བདེ་ཆེན་དང༌། རྒྱལ་ཐང༌། འབའ་ལུང་བཅས་ཀྱི་གྲོག་རོང་དང༌། དེ་བཞིན་གྲང་ངར་ཅན་གྱི་གདོད་མའི་ནགས་ཚལ་སོགས་སུ་འཚོ་གནས་བྱེད་བཞིན་ཡོད་པ་དང༌། བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད་ནང་གསལ་བ་ལྟར་ན་སྤྲེའུ་འདི་རིགས་ཡང་འཛམ་གླིང་ནང་མཐོང་དཀོན་པའི་ཆེས་གདོད་མའི་རྩ་ཆེན་སྲོག་ཆགས་གྲས་ཤིག་ཡིན་པར་བཤད།

གངས་སྤྲེལ་གྱི་འཚོ་གནས་བྱ་ས་གཙོ་བཱུ་མི་མེད་ལུང་སྟོང་ནང་ཡིན་པ་དང༌། དུས་རབས་བཅུ་དགུའི་སྔོན་དུ་མཐོང་རྒྱུ་དཀོན་པ་དང༌། ཕྱི་ལོ་ ༡༩༧༩ ལཱུའི་ཟླ་ ༡༡ ནང་གངས་སྤྲེལ་ཞིག་བསད་ཐུབ་པ་བྱུང་བ་དང་གཞི་ནས་བཙལ་རྙེད་ཐུབ་པར་ངོས་འཛིན་བྱས་པ་སོགས་འཁོད་འདུག གངས་སྤྲེལ་གྱི་མགོ་དབྱིབས་ཟླུམ་པོ་དང༌། ལྟོ་ངོས་དང༌། རྐང་ལག་བཅས་ཀྱི་སྤུ་མདོག་དཀར་པཱུ་ཡིན་ལ། རྒྱབ་ངོས་ཕལ་ཆེ་བ་སྤུ་ཁ་ནག་པཱུ་ཡིན་ཞིང༌། རྔ་མའི་རིང་ཚད་ལུས་ཀྱི་རིང་ཚད་དང་མཉམ་པར་མ་ཟད་སྦོམ་ཕྲ་ཡང་རྐང་ལག་དང་འདྲ། སྤྲེུའུ་འདི་རྒྱུན་དུ་ཁྱུ་ཚོགས་བྱས་ཏེ་སྡོད་སྲོལ་ཡོད། གངས་སྤྲེལ་སྐྱེ་འཕེལ་ཐེངས་གཅིག་ལ་སྤྲེལ་ཕྲུག་གཅིག་ལས་མང་བ་མི་སྐྱེ།

སྤྲ་རྔ་རིང་ནི་གདོད་མའི་སྲོག་ཆགས་རིགས་ཤིག་ཡིན་པ་ངོས་འཛིན་དང༌། སྲོག་ཆགས་འདི་འཚོ་གནས་བྱེད་ས་གཙོ་བོ་བོད་དང་ཧི་མ་ལ་ཡའི་རི་རྒྱུད་རྒྱ་གར་དང༌། རྒྱ་ནག བལ་ཡུལ། འབྲས་ལྗོངས། པ་ཀི་སི་ཐན་སོགས་སུ་ཡིན་ཞིང༌། སྤྲེའུ་འདི་རིགས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་དང་རྒྱ་གར་གྱི་ས་གནས་འགའ་ཤས་མ་གཏོགས་ཡུལ་གཞན་ལ་མེད་པར་གྲགས། བོད་ས་ཁུལ་གྱི་གཉའ་ལམ་དང༌། གྲོ་མོ། མེ་ཏོག་བཅས་ཡར་ཀླུང་གཙང་པོ་རྒྱུག་ཡུལ་ཁག་གི་ནགས་ཚལ་དང་རོང་སོགས་ལ་འཚོ་གནས་བྱེད་བཞིན་ཡོད་ལ། བོད་ནང་གྲངས་འབོར་དེ་ཙམ་མེད་པས་སྟོངས་ལ་ཉེ་བའི་རྩ་ཆེའི་སྲོག་ཆགས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

སྤྲ་རྔ་རིང་གི་ལུས་ཀྱི་སྤུ་མདོག་ཕལ་ཆེ་བ་དཀར་སྐྱ་དང༌། ངོ་གདོང་དང་རྐང་ལག་བཅས་ནག་པཱུ་ཡིན། ལུས་སྤུ་ཡང་ཅུང་རིང་ཙམ་ཡོད། ལུས་ཀྱི་རིང་ཚད་ལ་སན་ཊི་མི་ཊར་ ༨༠ དང༌། རྔ་མའི་རིང་ཚད་ལ་མི་ཊར་ ༡ ལྷག་ཙམ་ཡོད་པར་བརྟེན་གཟུགས་པོ་ལས་རྔ་མ་ཅུང་རིང༌། རྔ་མ་རིང་པོ་ཡོད་པས་མི་རྣམས་ཀྱིས་སྲོག་ཆགས་འདི་ལ་སྤྲ་རྔ་རིང་ཞེས་འབོད་ཀྱི་ཡོད། སྤྲ་རྔ་རིང་གི་རྒྱུན་གཏན་འཚོ་སྤྱོད་ནི་ཐང་ཤིང་དང༌། རྩི་ཤིང་གི་ལོ་མ། ཤིང་ཏོག་སྣ་ཚོགས་དང༌། མེ་ཏོག་དང་འབྲས་བུ་སོགས་ཟས་སུ་ལོངས་སྤྱོད་པ་ལས་དམར་ཟས་ཀྱི་རིགས་མི་བཟའ། སྤྲ་ནི་སྤྲེའུ་རིགས་ནང་ནས་གཟུགས་སྟོབས་ཆེ་ཤོས་ཡིན།

སྤྲ་ཁྱུ་ཚོགས་རེའི་ནང་གྲངས་འབོར་ ༡༠ ཙམ་འདུས་བཞིན་ཡོད། སྤྱིར་སྤྲེའུ་རིགས་དེ་རིགས་རྒྱུད་མང་བ་དང༌། ས་གནས་སུ་ཡོད་པ་དེ་དག་གྲངས་འབོར་ཡང་མང་པོ་ཡོད་ཅིང༌། སྟོངས་ལ་ཉེ་བའི་སེམས་འཚབ་དེ་ཙམ་མེད། ཡིན་ནའང་བོད་ས་ཁུལ་དུ་སྤྲེའུ་རིགས་འགའ་ཤས་ཡོད་པས། དེ་དག་མང་ཆེ་བ་སྟོངས་ལ་ཉེ་བའི་སྲོག་ཆགས་གྲས་སུ་ཡོད། ཅི་ཡིན་ཟེར་ན། རྒྱ་མིའི་ཁ་ཟས་ཆེད་རྔོན་རྒྱག་ཚད་ལས་བརྒལ་བ་བྱེད་པ་དང༌། སྤྲེའུའི་ཀླད་པ་བཟས་ན་ཆེས་སྤྱང་གྲུང་དོད་པོ་ཆགས་ཀྱི་ཡོད་པ་བཤད་སྲོལ་ཡོད་པས་སྤྲེའུ་གསོན་པོ་ཟ་ཁང་ནང་ཁྲིད་ཡོང་ནས་ཁ་ལག་བཞག་ས་ཅོག་ཙེའི་དཀྱིལ་ལ་ཨི་ཁུང་ཡོད་པ་དེའི་ནང་སྤྲེའུ་ཀླད་པ་ཡོད་སའི་མགོ་འདོན་པ་བྱས་ཏེ་དེ་ག་རང་ལ་ཀ་ལི་བཅད་ཏེ་ཀླད་པ་ཚ་པོ་ཟ་སྲོལ་ཡོད།

བོད་ནང་སྤྲེའུ་ཡོད་སར་ས་གནས་སུ་སྡོད་མཁན་དག་གི་སྤྲེའུའི་པགས་པ་གྱོན་གོས་དང༌། པགས་ཞྭ། པགས་གདན་སོགས་སུ་བེད་སྤྱོད་གཏོང་གི་ཡོད་པར་རྟེན། བོད་ནང་གི་སྤྲེའུ་རིགས་བཞི་ཙམ་རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རྩ་ཆེན་སྲོག་ཆགས་སྲུང་སྐྱོབ་ཀྱི་གྲས་སུ་ཡོད་པ་རེད།།

སྤྲེའུའི་སྐོར་གྱི་དཔྱད་གཞིའི་ཡིག་ཆ།

1 འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང༌། ཆབ་མདོ་སྨན་རྩིས་ཁང༌། P.341-342

2 བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད། ཕྱི་དྲིལ་ཁོར་ཡུག་སྡེ་ཚན། ༢༠༠༤། P.36-39,45-47

3 བོད་ཀྱི་རང་བྱུང་ཐོན་ཁུངས་ཀྱི་གནས་བབ་ལ་ཐོག་མར་དཔྱད་པ་གཟུར་གནས་དགྱེས་པའི་འབེལ་གཏམ། བདེ་སྲུང་བོད་གནས། ༡༩༩༥། P.38

4 The Endangered Mammals of Tibet (DIIR 2005) P.48-54

5 Microsoft Encarta Reference Library 2006

ཐེངས་ 42403 བཀླགས་འདུག