Donate

སྲམ་ངོ་སྤྲོད།

སྲམ་ནི་འོ་འཐུང་དང་ཤ་གཟན་སྲོག་ཆགས་ཀྱི་རིགས་ཤིག་ཡིན་པ་དང༌། གླིང་ཆེན་ཨོ་སི་ཊི་ལེ་ཡ་དང༌། ཡོ་རོབ་དང༌། ཨེ་ཤི་ཡ་སོགས་ས་གནས་མང་པོར་འཚོ་གནས་བྱེད་ཅིང༌། བོད་ཀྱི་ས་ཆ་མང་པོ་ཞིག་ནའང་འཚོ་གནས་བྱེད་ཀྱི་ཡོད། སྲམ།དེ་བཞིན་རྒྱ་གར་དང་རྒྱ་ནག འབྲུག་སོགས་ཧི་མ་ལ་ཡའི་རི་རྒྱུད་དུ་ཡང་མང་པོ་འཚོ་གནས་བྱེད་བཞིན་ཡོད། ཟས་སུ་གཙོ་བོ་ཉ་དང༌། བྱིའུ་སོགས་རང་ཉིད་ལས་ཆུང་བའི་སྲོག་ཆགས་རིགས་བསད་ནས་བཟའ། སྤྱིར་སྲམ་ལ་རིགས་ཁ་ཤས་ཡོད་པས་གཙོ་བོ་ནི་ཆུ་སྲམ་དང༌། བྲག་སྲམ་གཉིས་ཡིན། ཆུ་སྲམ་མང་ཆེ་བ་མཚོ་དང༌། མཚེའུ་སོགས་ཆུ་ནང་དང་དེའི་ཉེ་འགྲམ་དུ་གནས་ཀྱི་ཡོད། སྤུ་མདོག་ནི་ནག་ཤེད་ཆེ་ཞིང་འོད་མདངས་དོད་པོ་དང༌། གྲ་མང་བ། ཁུ་ལུ་འཇམ་ཞིང་སྤུ་གྲ་འགྲིགས་པ་སོགས་ཡོད།

བྲག་སྲམ་ནི་མང་ཆེ་བ་བྲག་གསེབ་དང༌། ནགས་ཚལ་སོགས་སུ་གནས། སྤུ་མདོག་སེར་ལ་འོད་མདངས་ལྡན་པ། སྤུ་ཧྲལ་ཞིང་སྤུ་འོག་ལ་ཁུ་ལུ་མེད་པ་བཅས་སོ། སྤྱིར་སྲམ་རིགས་ནི་སྐམ་གཤེར་གཉིས་ཀའི་ནང་འཚོ་གནས་བྱེད་ཐུབ་པའི་གཅན་གཟན་གྱི་རིགས་ཤིག་ཡིན། སྲོག་ཆགས་འདི་མགོ་ལེབ་ལ་ཞེང་ཆེ་བ་མཆེ་བ་བཞི་ལྡན། རྐང་ལག་ཐུང་ཞིང་གཟུགས་དབྱིབས་ལེབ་ལེབ་ཡིན། གཟུགས་གཞིའི་རིང་ཚད་ལ་སན་ཊི་མི་ཊར་ ༧༥ ཙམ་ཡོང་གི་ཡོད། མཇུག་མ་ཅུང་རིང་བས་གཟུགས་པོའི་རིང་ཚད་ཕྱེད་ཙམ་ལོན་གྱི་ཡོད། ལྗིད་ཚད་སྤྱི་རྒྱ་གཉིས་ནས་ལྔ་བར་ཡོད་ཅིང༌། རྒྱུན་དུ་ཁྱུ་ཚོགས་བྱས་ཏེ་འཚོ་གནས་བྱེད། ཉིན་མོར་ཡིབ་ནས་མཚན་མོར་འགྲོ་འོང་བྱས་ཏེ་ཁ་ཟས་འཚོལ་བ་དང༌། དྲི་ཚོར་ཧ་ཅང་རྣོ་ཞིང་ཆུ་རྐྱལ་ཆེས་མཁས།

སྤྱིར་སྲམ་རིགས་མངལ་སྦྲུམ་ཡུན་ཟླ་བ་གཉིས་ཙམ་ཡིན་ཞིང༌། བྱང་ཨ་རིའི་གླིང་ཆེན་ཁུལ་དུ་ཡོད་པའི་སྲམ་རིགས་ཤིག་མངལ་གྱི་སྦྲུམ་ཡུན་ལོ་གཅིག་ཙམ་ཡིན་འདུག སྲམ་གྱིས་ཐེངས་རེར་ཕྲུ་གུ་གཅིག་ནས་ལྔ་བར་བཙའ། སྲམ་ཕྲུག་མིག་ཕྱེ་བའི་དུས་ནི་ཉིན་ ༤༠ ཙམ་འགོར་གྱི་ཡོད། སྲོག་ཆགས་འདིའི་ཚེ་ཚད་ལོ་གྲངས་ ༡༡ ཙམ་ཡིན། དེང་གི་ཆར་སྲོག་ཆགས་འདིའི་འཚོ་གནས་ཁོར་ཡུག་ཆུང་དུ་འགྲོ་ཡི་ཡོད་པ་མ་ཟད། མིའི་དགོས་མཁོ་དང་མི་འབོར་མང་དུ་ཕྱིན་ཏེ་སྲོག་ཆགས་དེ་རིགས་རྔོན་རྒྱག་ཆེས་མང་པོ་བྱེད་ཀྱི་ཡོད།

དཔེར་ན་སྲམ་གྱི་པགས་པ་ཆེས་དྲོད་ཚད་ཆེན་པོ་ཡོད་པས་རྒྱན་གོས་ཆེད་བེད་སྤྱོད་དང་དར་སྲོལ་ཆེན་པོ་ཡོད། དེ་ཡང་འཛམ་གླིང་ནང་གནམ་གཤིས་གྲང་སར་མི་རྣམས་ཀྱིས་བེད་སྤྱོད་ཤུགས་ཆེན་བྱེད་བཞིན་ཡོད་པ་དང༌། བོད་ལ་མཚོན་ན་སྲམ་ལྤགས་རྒྱན་གོས་ཆེད་བེད་སྤྱོད་དང་དར་སྲོལ་ཆེན་པོ་ཡོད། དེར་བརྟེན་སྲམ་ནི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་པ་དང༌། རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྲམ་ནི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཛ་དྲག་གི་ཟིན་ཐོ་དམར་པོའི་ཟུར་རྒྱན་དང་པོའི་ནང་བཞག་ཡོད་པ་དང༌། དེ་བཞིན་རྒྱ་གར་དང་རྒྱ་ནག་སོགས་སྲམ་གནས་ཡུལ་རྒྱལ་ཁབ་ཁག་གི་བདག་མེད་སེམས་ཅན་གྱི་ཁྲིམས་གཞིར་བཟུང་སྲུང་སྐྱོབ་ཀྱི་གྲས་སུ་བཞག་ཡོད་པ་རེད།།

ཐེངས་ 42246 བཀླགས་འདུག