Donate

སྲིད་སྐྱོང་བློ་བཟང་སེང་གེས་ཁོར་ཡུག་གི་བགྲོ་གླེང་ཚོགས་འདུ་ཐོག་གསུང་བཤད།

ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༥ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལ་དྭགས་རྒྱལ་སྤྱིའི་བསྟི་གནས་ཁང་གིས་གོ་སྒྲིག་གནང་བའི་ཁོར་ཡུག་གི་བགྲོ་གླེང་ཚོགས་འདུའི་ཐོག་བོད་དེ་རྒྱ་ནག་གི་དཀའ་ངལ་ཞིག་མིན་པར་ཨེ་ཤི་ཡའི་དཀའ་ངལ་སེལ་བའི་རྒྱུ་ཞིག་ཡིན་སྐོར་གྱི་གསུང་བཤད་གནང་འདུག དེ་ཡང་ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་གིས་བོད་ནང་ཁོར་ཡུག་ཉམས་རྒུད་ཀྱིས་རྐྱེན་པས་ཨེ་ཤི་ཡའི་ནང་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་སྐོར་གྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག

Lobsang Sangay Talk on Water 3སྐབས་དེར་ཁོང་གིས་བོད་ནི་ཨེ་ཤི་ཡའི་ནང་རྒྱུག་ཆུ་ཆེ་ཁག་བཅུའི་འབྱུང་ཁུངས་ཆགས་ཡོད་པ་དང་། ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་ཆུའི་འབྱུང་ཁུངས་བོད་དེ་རྒྱ་ནག་གི་དཀའ་ངལ་ཞིག་ཆགས་མེད་ཅིང་། སེང་གེ་ཁ་འབབ་ཀྱི་གཙང་ཆུ་བརྒྱ་ཆ་ ༤༠ བོད་ཀྱི་འཁྱགས་རོམ་ནས་འབྱུང་བཞིན་ཡོད་པ་མ་ཟད། རྒྱ་ནག་ནང་རྒྱུག་པའི་འབྲི་ཆུ་དང་རྨ་ཆུ། དེ་བཞིན་ཝེ་ཐི་ནམ་ནང་རྫ་ཆུ། རྒྱ་གར་དང་བངྒ་ལ་དེཤ་ནང་ཡར་ཀླུངས་གཙང་པོ་སོགས་ཀྱི་འབྱུང་ཁུངས་དེ་ཡང་བོད་ཆགས་ཡོད་སྐོར་གསུངས་འདུག དེ་བཞིན་དེང་སྐབས་མི་འབོར་ཐེར་འབུམ་མང་པོ་འཐུང་ཆུ་དཀོན་པའི་རྐྱེན་གྱིས་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། འཛམ་གླིང་གི་སྣེ་གསུམ་པར་གྲགས་པའི་མཐོ་སྒང་བོད་ནི་ཨེ་ཤི་ཡའི་ཆུའི་འབྱུང་ཁུངས་གཙོ་བོ་དེ་ཆགས་ཡོད་སྐོར་དང་།

Lobsang Sangay Talk on Water 4གཞན་ཡང་སྲིད་སྐྱོང་མཆོག་གིས་དེང་སྐབས་འཛམ་གླིང་ནང་ཆུའི་གལ་འགངས་དང་འབྲེལ་བའི་སྐོར་གསུང་དོན། སྔ་མོའི་དུས་སུ་མི་རྣམས་ས་ཆའི་དོན་དུ་དམག་འཁྲུག་བརྒྱབ་ཀྱི་ཡོད། ད་ལྟའི་དུས་ཚོད་འདིར་སྣུམ་གྱི་དོན་དང་འབྱུང་འགྱུར་དུས་སུ་ཆུའི་དོན་དུ་དམག་རྒྱག་རྒྱུའི་དུས་ཚོད་ཅིག་སླེབས་ཀྱི་རེད། ཅེས་དང་། རྒྱ་གཞུང་གིས་འདས་པའི་ལོ་ཤས་ནང་བོད་ནང་གཏེར་ཁ་ཚད་ལས་བརྒལ་བ་སྔོག་འདོན་དང་། ཆུ་མཛོད་སྣེ་མང་བརྒྱབ་པ། དེ་བཞིན་གཙང་ཆུ་ཁ་བསྒྱུར་གྱི་ལས་གཞི་སྤེལ་བ་སོགས་ལ་བརྟེན་ནས་བ་བནཧ་རྒྱ་གར་གྱིས་གཙོས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཆུ་དཀའ་ངལ་གྱི་ཤུགས་རྐྱེན་ངན་པ་ཐེབས་ཡོད་སྐོར་གསལ་
འདོན་གནང་བ་དང་ཆབས་ཅིག ཉེ་ཆར་ཚན་རིག་པ་ཚོས་ཉམས་ཞིབ་བྱས་པའི་གྲུབ་དོན་ནང་གསལ་བ་ལྟར་ན། བོད་ནང་འཛམ་གླིང་སྤྱིའི་གོ་ལའི་ཚ་དྲོད་རྒྱས་བཞིན་པ་དེ་ལས་བརྒྱ་ཆ་ལྡབ་གཉིས་ཀྱི་མང་པ་ཡོད་སྐོར་གསུངས་ཡོད། མཐའ་དོན་ཁོང་གིས་བོད་ཀྱི་གནད་དོན་དེ་བོད་ཁོ་ནའི་དོན་དུ་མིན་པར་ཨེ་ཤི་ཡ་སྤྱི་དང་ལྷག་པར་རྒྱ་གར་དང་ཉེ་བའི་གླིང་ཆེན་ཁག་ལ་འབྲེལ་བ་ཆགས་ཀྱི་ཡོད་པར་བརྟེན། བོད་དེ་རྒྱ་ནག་གི་དཀའ་ངལ་ཞིག་ལ་མ་རྩིས་པར་ཨེ་ཤི་ཡའི་ནང་ཆུའི་དཀའ་ངལ་སེལ་ཐབས་ཀྱི་རྒྱུ་ཞིག་ཡིན་པར་ངོས་འཛིན་གནང་དགོས་པའི་འབོད་སྐུལ་ཞུས་འདུག

གནས་ཚུལ་ཡོང་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ།

ཐེངས་ 42136 བཀླགས་འདུག