Donate

སྲིད་སྐྱོང་མཆོག་གིས་ཁོར་ཡུག་ཚོགས་འདུའི་ཐོག་གསུང་བཤད་གནང་བ།

ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༡ ཉིན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་རྡ་ས་ནས་ཕེབས་ཐོན་གྱིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གིས་གོ་སྒྲིག་ཐོག Only one Tibet to Quench Asia’s growing thirstLobsang Sangay Talk on Water 1 བོད་ཁོ་ནས་ཨེ་ཤི་ཡའི་སྐོམ་པ་སེལ་བ། ཞེས་པའི་བརྗོད་གཞིའི་ཐོག་ཁོར་ཡུག་གི་ཚོགས་འདུར་ལྷན་ཞུགས་གནང་ཡོད།

ཐེངས་འདིའི་ཚོགས་འདུའི་ནང་གསུང་བཤད་གནང་མཁན་སློབ་དཔོན་ཤྲི་མཱ་ཏི་ཅཀ་ར་བོར་ཏི་མཆོག་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། སློབ་དཔོན་བཱ་ཊ་ཅཱརྱཱ་ལགས། སློབ་དཔོན་མཱ་དུ་བཱ་ལ། རྩོམ་པ་པོ་ཁ་ལོ་ཊི་ཨར་པི་ལགས་བཅས་མཉམ་ཞུགས་གནང་ཡོད་འདུག

སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་བའི་ནང་།  བོད་ཀྱི་གནད་དོན་ནི་བོད་མི་ས་ཡ་དྲུག་གི་གནད་དོན་ཁོ་ན་མ་ཡིན་པར་ཨེ་ཤི་ཡའི་ལྷོ་ཕྱོགས་དང་ཤར་ཕྱོགས་རྒྱལ་ཁབ་གཉིས་ཀྱི་མི་འབོར་དུང་ཕྱུར་མང་པོ་འཕེལ་རྒྱས་འགྲོ་བཞིན་པའི་གནད་དོན་ཀྱང་ཆགས་ཡོད།

བོད་ཁོ་ནས་ཨེ་ཤི་ཡའི་སྐོམ་པ་སེལ་གྱི་ཡོད། མཐོ་སྒང་བོད་ཀྱི་ཆུ་ལོངས་སུ་སྤྱོད་མཁན་ཨེ་ཤི་ཡའི་ནང་མི་འབོར་དུང་ཕྱུར་མང་པོ་ཡོད་པའི་ཁོངས་སུ་མི་འབོར་ས་ཡ་ ༤༠༠ ནས་ ༥༠༠ བར་རྒྱ་ནག་གི་མི་འབོར་ཆགས་ཡོད་པ་དང་། མི་འབོར་ས་ཡ་ ༥༠༠ ལས་མང་བ་རྒྱ་གར་བ་ཆགས་ཡོད། མི་འབོར་དུང་ཕྱུར་དེ་དག་གི་ལོངས་སུ་སྤྱོད་རྒྱུའི་ཆུའི་འབྱུང་ཁུངས་གཙོ་བོ་ནི་བོད་མཐོ་སྒང་ནས་འབབ་པའི་ཆུ་རྒྱུན་དེ་དག་ཡིན་པ་དང་། དེང་གི་ཆར་དྭངས་སིལ་གྱི་ཆུ་བོ་དེ་དག་ལོངས་སུ་སྤྱོད་རྒྱུ་ནི་དེ་སྔོན་ལྟར་མིན་པར་དཀོན་པའི་རང་བཞིན་ཞིག་ཏུ་འགྱུར་ཡོད། གལ་སྲིད་མི་འབོར་དུང་ཕྱུར་མང་པོར་འཐུང་ཆུ་དྭངས་སིལ་ལྡན་པ་ཞིག་སྤྱོད་རྒྱུར་དཀའ་ཁག་ཆེ་བའི་དུས་ཚོད་ཅིག་འཆར་ཚེ་ཆུའི་གནད་དོན་ཐོག་རྩོད་རྙོག་དང་སེམས་འཚབ་ཡོང་རྒྱུ་ཡིན་པ་གསལ་པོ་ཆགས་ཡོད།

Lobsang Sangay Talk on Water 2རྒྱ་ནག་གི་ཁོར་ཡུག་ཉམས་ཞིབ་པ་རྣམས་ཀྱིས་བརྗོད་དོན། རྒྱ་ནག་གིས་ཆུ་རགས་གྲངས་ ༨༧༠༠༠ ཙམ་བརྒྱབ་ཡོད་པ་དང། ཆུ་རགས་དེ་དག་ནི་རྒྱ་ཁྱོན་ཆེན་པོ་ཡོད་པ་བཞིན་ཉེན་ཁའང་ཆེན་པོ་ཞིག་ཏུ་གྱུར་ཡོད། རྒྱ་ནག་གི་འཆར་གཞིའི་ནང་སེངྒེ་ཁ་འབབ་གཞུང་ལ་བརྒྱབ་པའི་ཆུ་རགས་དེ་དག་ལས་ཆེ་བ་ཞིག་འབྲི་ཆུ་གཙང་པོའི་གཞུང་ལ་བརྒྱབ་རྩིས་ཡོད། གལ་སྲིད་དེ་ལྟར་བརྒྱབ་ཚེ། བོད་ནས་རྒྱ་གར་དང་བངྒ་ལཱ་དེཤ་ནང་རྒྱུག་བཞིན་པའི་ཆུ་རྒྱུན་དེ་དག་གང་འདྲ་ཞིག་ཏུ་འགྱུར་སྲིད་དམ། གལ་སྲིད་རྒྱ་ནག་གིས་ཆུ་རྒྱུན་དེ་དག་ལ་སྟངས་འཛིན་བྱས་ཚེ་གཤམ་འོག་གི་རྒྱལ་ཁབ་ཁག་གི་སྟོན་ཐོག་འདེབས་ལས་ཐད་དཀའ་ཚེགས་ཆེན་པོ་ཞིག་ཡོང་སྲིད་པ་ཡིན།

བོད་ནི་འཛམ་གླིང་གི་སྣེ་གསུམ་པར་གྲགས་པའི་འཁྱགས་རོམ་གྱི་གནས་གཞི་དང་། བོད་ནང་གི་འཁྱགས་རོམ་གྲངས་ ༤༧༠༠༠ གི་ཆུས་གླིང་ཆེན་ཨེ་ཤི་ཡའི་ནང་མི་འབོར་དུང་ཕྱུར་ ༡་༣ ལ་འཚོ་བརྟེན་བྱེད་བཞིན་ཡོད། NASAནཱ་སཱས་ཚོད་དཔགས་ལྟར་ན། འབྱུང་འགྱུར་གྱི་ལོ་བཞི་བཅུའི་ནང་འཁྱགས་རོམ་བརྒྱ་ཆ་ ༦༠ ཙམ་བཞུར་རྒྱུ་རེད་ཅེས་བཤད་འདུག དངོས་སུ་ཚད་གཞི་དེ་འདྲ་ཞིག་ལ་འགྱུར་ཚེ་མི་འབོར་དུང་ཕྱུར་མང་པོའི་འཚོ་བརྟེན་གྱི་གནས་སྟངས་གང་འདྲ་ཞིག་ལ་འགྱུར་སྲིད་དམ། དེ་ནི་ང་ཚོར་དེང་སྐབས་དངོས་སུ་འཕྲད་བཞིན་པའི་དཀའ་ངལ་ཆེ་ཤོས་ཤིག་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། །

གནས་ཚུལ་ཡོང་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ།

ཐེངས་ 42167 བཀླགས་འདུག