Donate

ཧི་མ་ལ་ཡའི་ཁུལ་དུ་ད་དུང་བེད་སྤྱོད་མ་ཐུབ་པའི་གཞི་རྒྱ་ཆེ་བའི་ས་འོག་ཚ་ནུས།

རྒྱ་ནག་གིས་ས་འོག་ཚ་ནུས་<< ས་དྲོད་ནུས་ཤུགས་>>(Geothermal energy) ལས་གྲྭ་ཞིག་གསར་འཛུགས་བྱས་ཡོད་ཀྱང་། ད་དུང་ཧི་མ་ལ་ཡའི་རི་ཁུལ་དུ་གློག་ཤུགས་མེ་གྷ་ཝ་ཊི་(Megawatts)སྟོང་ཕྲག་མང་པོའི་ས་འོག་ཚ་ནུས་ཕུང་གསོག་ཐེབས་ཡོད།


geothermal-energy Plantརྒྱལ་སྤྱིའི་ས་གཤིས་དཔྱད་རིག་མཁས་པ་ཚོས་ཉམས་ཞིབ་བརྒྱུད་ཁོར་ཡུག་གི་གལ་གནད་དང་མ་འཛུགས་དཀའ་ངལ་བཅས་ཀྱིས་རྐྱེན་པས་ཧི་མ་ལའི་ཁུལ་དུ་གློག་མེ་གྷ་ཝ་ཊི་(Megawatts)སྟོང་ཕྲག་མང་པོའི་ས་འོག་ཚ་ནུས་སྦས་ནས་བསྡད་ཡོད་ཅེས་གསུངས་འདུག

ཨ་རིའི་ཨུ་ཐཱ་(Utah)མངའ་སྡེའི་ནང་ནུས་ཤུགས་དང་ས་ཁམས་ཚན་རིག་གཙུག་ལག་སློབ་གཉེར་ཁང་གི་ས་དཔྱད་རིག་པ་བ་གྷེའོ་མོའོ་རེ་ (Geo Moore) ལགས་ཀྱིས་”འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཧི་མ་ལ་ཡ་ཁུལ་གྱི་ཐོན་ཁུངས་བཏང་འཛིན་ལ་རོགས་རམ་གནང་རྒྱུ་རེ་བ་ཡོད་”ཅེས་ཟླ་སྔོན་མར་རྒྱ་གར་གྱི་རྗ་མུ་དང་ཀ་ཤི་སྨྲིར་མངའ་སྡེའི་ཁོངས་གཏོགས་ལ་དྭགས་ཀྱི་རྒྱལ་ས་སླེའི་ནང་འཚོགས་པའི་<<ཐོན་ཁུངས་འཕེལ་རྒྱས་ཡུན་གནས་ཐུབ་ཐབས་>>ཅེས་པའི་ལྷན་ཚོགས་ཐོག་གསུངས་ཡོད་པ་རེད།
ས་འོག་ཚ་ནུས་མཁོ་འདོན་དེས་གོ་ལའི་ཚ་དྲོད་འཕེལ་བ་དང་དེ་བསྐྱར་གསོ་རུང་བ་ཞིག་ལ་བསམ་གཞིག་བྱེད་ཀྱི་ཡོད་ཅིང་། འཛམ་གླིང་ནང་ད་ལྟའི་ཆར་ཆུ་ཚོད་ ༢༤ ནང་ས་འོག་ཚ་ནུས་ལས་གློག་མེ་གྷ་ཝ་ཊི་(Megawatts)༡༡༡༣༡ གསར་འཛུགས་བྱེད་བཞིན་ཡོད་པའི་ནང་། ཨ་རིའི་ནང་གློག་མེ་གྷ་ཝ་ཊི་(Megawatts)༣༡༥༡ དང་པི་ལི་ཕིང་དང་ཨིན་དྷུ་ཉེ་ཤེ་ཡ་སོ་སོས་གློག་མེ་གྷ་ཝ་ཊི་(Megawatts)༡༩༠༧ ནས་ ༡༣༠༧ བར་བེད་སྤྱོད་བྱེད་བཞིན་ཡོད་པ་རེད།

རྒྱ་ནག་གིས་ཕྱི་ལོ་ ༡༩༧༦ ནས་བོད་ཡངས་པ་ཅན་དུ་གློག་ Megawatts (མེ་གྷ་ཝ་ཊི་) ༢༥ ཅན་གྱི་ས་དྲོད་ནུས་ཤུགས་ཤིག་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དང་། དེས་ཚུལ་མིན་གྱི་ས་འོག་ཚ་ནུས་ཆུའི་འཁོལ་ཚད་རིམ་པ་ ༡༦༠ ལས་བརྒལ་གྱི་ཡོད་པ་རེད་ཅེས། སྐུ་ཞབས་མོ་རེལ་ལགས་ཀྱིས་འདི་ནི་དཔེ་མཚོན་ཡག་པོ་ཞིག་ཡིན་པ་དང་ད་དུང་རྗ་མུ་དང་ཀ་ཤི་སྨྲིར་ཉེ་འདབས་སུའང་དེ་ལས་ཛ་དྲག་པ་ཆགས་སྲིད་སྐོར་བརྗོད་ཡོད་པ་རེད།

ཡང་ཁོངས་གིས་”ཧི་མ་ལ་ཡའི་ནུབ་བྱང་མཚམས་སུ་ཡོད་པའི་རྗ་མུ་དང་ཀ་ཤི་སྨྲིར་ནང་ས་དྲོད་ཀྱི་མ་ལག་ཚ་དྲོད་ཆེ་ཤོས་ཡིན་པ་ཡོངས་གྲགས་དང་། ས་འོག་ཚ་ནུས་ཁྱབ་ཡུལ་དེ་བོད་དང་བལ་ཡུལ་ནང་ལའང་རྒྱ་བསྐྱེད་ཀྱི་ཡོད་ཅེས་གསུངས།
དབྱིན་ཇིའི་རྒྱལ་ས་ལོན་ཌོན་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་དང་། རྗ་མུ་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་གྱི་མཚན་གནས་ཡོད་པའི་སྐུ་ཞབས་ཇོ་ནཱ་ཐན་ཁཱ་རེག་(Jonathan Craig) ལགས་ཀྱིས་གསུངས་པ་ལྟར་ན། ལ་དྭགས་ཀྱི་ཕུ་གྷ་ (Puga) ས་ཁུལ་དུ་ཡོད་པའི་ཆུ་ཚན་དེ་ནི་རྒྱ་གར་ནང་ས་འོག་ཚ་ནུས་ཀྱི་ནུས་ཤུགས་ཆེ་ཤོས་དེ་ཆགས་ཡོད་འདུག
སྐུ་ཞབས་ཁཱ་རེག་ལགས་ཀྱིས། ཕུ་གྷའི་ནང་གློག་མེ་གྷ་ཝ་ཊི་(Megawatts)༢༠ མཁོ་འདོན་ཐུབ་པའི་ས་འོག་ཚ་ནུས་ལས་གྲྭ་དེས་ལོ་ལྟར་སྣུམ་ལི་ཊར་ས་ཡ་ ༣ ཙམ་གྲོན་ཆུང་ཐུབ་ཀྱི་ཡོད་པས། སྣུམ་དེ་དག་གི་རིན་གོང་ནི་ས་ཁུལ་དེར་ཧ་ལམ་སྒྲོ་ལོ་ས་ཡ་ ༢ གནས་ཀྱི་ཡོད་པ་རེད་ཅེས། ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༥ པའི་ནང་བརྗོད་གཞི་<<འཛམ་གླིང་ཚན་རིག་བསྐྱར་ཞིབ་>>(Earth Science Review) ཅེས་པའི་ཤོག་ལྷེབ་གཅིག་ཅན་གྱི་རྩོམ་ཡིག་ཞིག་གི་ནང་སྤེལ་ཡོད་པ་རེད།

དབྱིན་ཇིའི་རྒྱལ་ས་ལོན་ཌོན་གཙུག་ལག་སློབ་གཉེར་ཁང་གི་ས་ཁམས་ཚན་རིག་སྡེ་ཚན་གྱི་བྷ་རན་དྷ་ཐུའུ་སུ་ (Brinda Thusu) ལགས་ཀྱིས། ཕུ་གྷ་ནི་རྒྱ་གར་ནང་ས་འོག་ཚ་ནུས་ཕུགས་རེའི་ལྟེ་གནས་ཆེ་ཤོས་ཤིག་ཡིན་པ་དང་། དེས་ཆུ་ཚན་དང་། འདམ་རྫིང་། ཚ་ལ་དཀར་པོ་གསོག་འཇོག་བཟོ་བསྐྲུན་གྱི་ས་ཆ་རྒྱ་བསྐྱེད་སྤྱི་ལེ་གྲུ་བཞི་མ་ ༡༥ ལས་བརྒལ་ཡོད་ཅེས་གསུངས་འདུག
མཆན། ས་འོག་ཚ་ནུས་ཀྱི་ནུས་ཤུགས་ (Geothermal) ནི་ས་འོག་གི་ཚ་ནུས་ལ་ཟེར་ཞིང་། དེའི་ཚ་ནུས་སམ་ཆུ་ཁོལ་ནུས་པར་བརྟེན་ནས་གློག་སོགས་མཁོ་འདོན་བྱེད་བཞིན་ཡོད་པ་དང་། དེས་ཁོར་ཡུག་གཏོར་བཤིག་དང་གོ་ལའི་ཚ་དྲོད་དང་གནམ་གཤིས་འགྱུར་ལྡོག་ལའང་ཤུགས་རྐྱེན་ཆུང་ངུ་ཐེབས་ཀྱི་ཡོད་པས་མ་ཚད་དེས་རྐྱེན་པས་ས་ཡོམ་རྒྱག་པའི་ཉེན་ཁ་ཡང་ཡོད་པ་རེད།

ཐེངས་ 42258 བཀླགས་འདུག