Donate

ཧི་མ་ལ་ཡའི་རི་རྒྱུད་དུ་ས་ཡོམ་ཆེན་པོ་ཞིག་རྒྱག་རྒྱུའི་ཉེན་ཁ་འདུག

རྒྱ་གར་དང་རྒྱལ་སྤྱིའི་ས་འགུལ་རྟོག་ཞིབ་པ་ཚོས་མི་འགྱང་བར་ཧི་མ་ལ་ཡའི་མངའ་ཁུལ་དུ་ཚད་རིམ་ ༨ ལྷག་གི་ས་ཡོམ་རྒྱག་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

earthquake-680x365ཁ་སང་རྒྱ་གར་དབུས་གཞུང་ནང་སྲིད་ལྷན་ཁང་གི་ཁྱབ་ཁོངས་རྐྱེན་ངན་གྲོལ་འདོམས་ཁང་གི་རིགས་གཅིག་མཁས་པ་ཚོས། ཉེ་བའི་ལོ་ཤས་རིང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་ཏུ་བསྟུད་མར་ས་ཡོམ་མང་པོ་བརྒྱབ་པའི་དབང་གིས་ད་ལྟ་རྒྱ་གར་གྱི་ས་གཞོང་དང་ཡུ་རེ་ཤི་ཡའི་ས་གཞོང་གཉིས་ཁ་གྱེས་ཡོད་སྟབས། མི་རིང་བར་ཧི་མ་ལ་ཡའི་མངའ་ཁུལ་དུ་ཚད་རིམ་ ༨.༢ སམ་དེ་ལས་ཚད་མཐོ་བའི་ས་ཡོམ་རིམ་པ་ཁ་ཤས་རྒྱག་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་གར་གྱི་རྐྱེན་ངན་གྲོལ་འདོམས་ཁང་གི་ཆེད་ལས་མཁས་པ་ཚོས། བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་རྒྱ་གར་བྱང་ཤར་མ་ནེ་པུར་མངའ་སྡེ་ནང་ཚད་རིམ་ ༦.༧ ཅན་གྱི་ས་ཡོམ་བརྒྱབ་ཡོད་པ་དང་། དེ་ལས་ཚད་རིམ་མཐོ་བའི་ས་ཡོམ་ཁག་ཅིག་མི་རིང་བར་ཧི་མ་ལ་ཡའི་མངའ་ཁུལ་དུ་རྒྱག་རྒྱུ་རེད། ༢༠༡༡ ལོར་འབྲས་ལྗོངས་ཁུལ་དུ་ཚད་རིམ་ ༦.༩ དང་། ༢༠༡༥ ལོའི་ཟླ་ ༥ པའི་ནང་ཇོ་མོ་གླང་མའི་ཉེ་འདབས་སུ་ཚད་རིམ་ ༧.༣། ཟླ་འདིའི་ཚེས་ ༤ ཉིན་རྒྱ་གར་བྱང་ཤར་ཁུལ་དུ་ཚད་རིམ་ ༦.༧ བཅས་ཀྱི་ས་འགུལ་བརྒྱབ་སྟེ། ཧི་མ་ལ་ཡའི་རི་རྒྱུད་བསྐྱར་སྙོམ་ཐུབ་མེད་སྟབས་མི་འགྱངས་བར་ཚད་རིམ་ ༨ ལྷག་གི་ས་འགུལ་ཁག་ཅིག་རྒྱག་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་རེད། ཅེས་བརྗོད་འདུག

རྒྱ་གར་དུས་བབ་ཀྱིས་གནད་དོན་དེའི་ཐད་རྒྱ་གར་རྒྱལ་ཡོངས་རྐྱེན་ངན་གྲོལ་འདོམས་ཁང་གི་འགན་འཛིན་སན་ཌོ་ཤི་ཀུ་མར་ (Santosh Kumar) ལགས་སུ་སྐད་ཆ་དྲིས་སྐབས་ཁོང་གིས། བལ་ཡུལ་དང་འབྲུག་ཡུལ། རྒྱ་གར་དང་འབར་མ་བཅས་ཀྱི་ས་བབ་ཆགས་ཚུལ་ཕན་ཚུན་སྦྲེལ་ཡོད་སྟབས། ད་ལྟ་རྒྱ་གར་གྱི་རི་ཁུལ་མངའ་སྡེ་ཁག་ཅིག་དང་བྷེ་ཧར། ཡུ་པི། ལྡི་ལི་བཅས་ནི་འཛམ་གླིང་སྟེང་ས་འགུལ་མང་ཤོས་རྒྱག་ཡུལ་ཨང་བཞི་པའི་གྲས་སུ་ཚུད་ཡོད་པ་དང་། རྒྱ་གར་བྱང་ཤར་མངའ་སྡེ་གཞན་ཁག་ཅིག་ཀྱང་ས་འགུལ་མང་ཤོས་རྒྱག་ཡུལ་ཨང་ལྔ་པའི་གྲས་སུ་ཚུད་ཡོད་པ་མ་ཟད། ས་འགུལ་གྱི་གོད་ཆག་མང་ཤོས་བྱུང་ཡུལ་ཡང་ཆགས་ཡོད་སྟབས། ཉེ་ལམ་ཨ་རུ་ནཱ་ཅལ་མངའ་སྡེའི་རྒྱལ་ས་ཨི་ཌ་ཎ་གྷར་རྒྱ་གར་གྱི་རི་ཁུལ་མངའ་སྡེ་ཁག་ ༡༡ གི་མགོ་ཁྲིད་བར་ཚོགས་འདུ་ཚོགས་སྐབས། ང་ཚོས་ཁོ་ཚོར་ས་ཁུལ་དེ་དག་ནང་ཤུགས་ཚད་ཆེ་བའི་ས་འགུལ་ཁག་ཅིག་རྒྱག་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། རི་ཁུལ་དུ་ཁང་རྩེག་ཅན་གྱི་སྡོད་ཁང་གང་འདྲ་རྒྱག་དགོས་མིན་གྱི་བཅའ་ཡིག་ཅིག་གཏན་འབེབས་བྱེད་དགོས་པའི་བསམ་འཆར་ཡང་བཏོན་ཡོད། ཅེས་བརྗོད་འདུག

རྒྱ་གར་ནང་ས་ཡོམ་མང་ཤོས་རྒྱག་ཡུལ་ས་ཁུལ་ཁག་བཞིར་དབྱེ་ཡོད་པའི་ནང་། ད་ལྟ་རྒྱ་གར་བྱང་ཤར་མངའ་སྡེ་ཁག་དང་བྷེ་ཧར་གྱི་ནུབ་རྒྱུད་ཁུལ། ཨུ་དྷར་ཁཱན་ཌི་དང་ཧི་མ་ཅལ། ཇམ་མུ་དང་ཀཱ་ཤི་མེར། གྷུ་ཅུ་ར་ཌི་དང་ཨན་དྷ་མན་དང་ནེ་ཀཱོ་བྷར་གླིང་ཕྲན་བཅས་ནི་ས་འགུལ་མང་ཤོས་བྱུང་ཡུལ་དང་། ལྡི་ལི་གཉིས་པའི་གྲས་སུ་ཚུད་ཡོད་སྟབས། གལ་སྲིད་མ་འོངས་པར་ཧི་མ་ལ་ཡའི་མངའ་ཁུལ་དུ་ཚད་རིམ་མཐོ་བའི་ས་འགུལ་བརྒྱབ་པ་ཡིན་ན། ལྡི་ལི་གཙོས་པའི་མི་འབོར་མང་བའི་རྒྱ་གར་གྱི་གྲོང་ཁྱེར་ཁག་ལ་ཤི་རྨས་ཚབས་ཆེན་ཐེབས་ཉེན་ཡོད་འདུག

དེ་རིང་ཧིན་རྡུ་སི་ཐན་དུས་བབ་ཐོག་ཨ་རིའི་ཁཱོ་ལཱར་ར་ཌོ་གཙུག་ལག་སློབ་ཆེན་ (University of Colorado) གྱི་ས་འགུལ་བརྟད་དཔྱད་པ་སྐུ་ཞབས་རོ་གྷར་བྷེལ་ཧམ་ (Roger Bilham) ལགས་ཀྱིས། “ད་ལྟའི་གནས་སྟངས་ལ་བརྟག་པ་ཡིན་ན་ཧི་མ་ལ་ཡའི་མངའ་ཁུལ་དུ་ཉུང་མཐར་ཚད་རིམ་ ༨ ལྷག་གི་ས་འགུལ་ཐེངས་བཞི་རྒྱག་རྒྱུ་ཡིན་པ་མ་ཟད། དུས་རབས་མང་པོའི་ནང་བྱུང་མྱོང་མེད་པའི་གོད་ཆག་འབྱུང་གི་རེད།” ཅེས་དང་། ཡང་རྒྱ་གར་བང་ཆེན་ཐོག་ས་དཔྱད་རིག་པ་བ་ཞིག་གིས། “ཧི་མ་ལ་ཡའི་བྱང་ངོས་ཀྱི་ས་གཞོང་དང་རྒྱ་གར་དང་འབར་མའི་ཤར་ངོས་ཀྱི་ས་གཞོང་གཉིས་གདོང་ཐུག་བརྒྱབ་སྟེ་ས་འགུལ་བྱུང་བཞིན་ཡོད། ཉེ་ལམ་ཧི་མ་ལ་ཡའི་མངའ་ཁུལ་དུ་ས་ཡོམ་ཤུགས་ཆེན་བྱུང་སྟེ་ས་བབ་ཁོད་སྙོམ་ཐུབ་མེད་སྟབས། ད་ལྟ་ས་གཞོང་གཉིས་གདོང་ཐུག་རྒྱག་པའི་ཉེན་ཁ་ཆེན་པོ་ཡོད་པ་རེད།”ཅེས་བཤད་འདུག

བོད་ཀྱི་དུས་བབ་ལས་དྲངས།

ཐེངས་ 42235 བཀླགས་འདུག