Donate

ཧོར་གཙང་ཕྱོགས་སུ་ས་གནས་བོད་མིས་རེ་འབོད་དང་ངོ་རྒོལ།

ཧོར་གཙང་ཕྱོགས་སུ་ས་གནས་བོད་མིས་རེ་འབོད་དང་ངོ་རྒོལ།

བོད་མདོ་སྨད་ཧོར་གཙང་དང་ཙ་ཡུས་ཕྱོགས་སུ་ས་གནས་བོད་མིའི་དཀའ་ངལ་ཁག་གཅིག་ལ་བརྟེན་རྒྱ་ནག་གཞུང་ལ་རེ་འབོད་དང་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

དེ་ཡང་འདི་གར་གནས་ཚུལ་འབྱོར་དོན། འདས་པའི་ལོ་ངོ་ཉི་ཤུ་ལྷག་ཙམ་རིང་བོད་ཀྱི་ས་གནས་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཙ་ཡུས་སྡེ་བའི་མཛོ་རྫི་ཁོག་ཞེས་བ་ནས་རྒྱ་ནག་གཞུང་གིས་གསེར་སོགས་ཀྱི་གཏེར་ཁ་སྔོག་འདོན་བྱེད་བཞིན་པའི་ལས་གྲྭ་ཤུགས་ཆེར་སྤེལ་བཞིན་ཡོད་པ་དང་། དེར་བརྟེན་རྒྱ་ནག་གཞུང་གིས་བོད་མི་མང་ཚོགས་ཀྱི་ས་ཆ་བཙན་བཟུང་གིས་གཏེར་ཁ་སྔོག་འདོན་དང་། འགྲུལ་འཁོར་གྱི་གཞུང་ལམ་རྒྱ་བསྐྱེད་བྱེད་པ་སོགས་རྒྱ་ནག་གཞུང་གིས་ས་གནས་བོད་མིའི་བདེ་སྡུག་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་དཀའ་ངལ་ལ་བརྟེན་ས་གནས་བོད་མིས་ངོ་རྒོལ་བྱས་ཡོད་པ་རེད།

ས་གནས་བོད་མི་ཞིག་གིས་བརྗོད་དོན། རྒྱ་ནག་གཞུང་གིས་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཙ་ཡུས་དང་། ཧོར་གཙང་ཕྱོགས་ལ་ཐོག་རྩེགས་ཅན་གྱི་ཁང་པའི་འཛུགས་བསྐྲུན་ཆེད་ཨར་ལས་ལོ་རེ་བཞིན་མ་བསྡད་པར་རྒྱ་ཆེ་རུ་གཏོང་བཞིན་པ་དང་། གཏེར་ཁ་སྔོག་འདོན་བྱེད་སར་གཞུང་གིས་རྒྱབ་གཉེར་བྱས་ཏེ་ས་གནས་བོད་མིའི་རེ་འབོད་ལ་བརྩི་མེད་བཏང་རྐྱང་བྱེད་པ། དེ་བཞིན་ས་གནས་བོད་མིར་རྒྱ་ནག་གཞུང་གིས་གུན་གསབ་སོགས་གང་ཡང་མ་སྤྲོད་པར་བརྟེན། ས་གནས་མང་ཚོགས་ཀྱིས་ཉིན་ཤས་གོང་འཕྲེད་དར་འཕྱར་ནས་རེ་འབོད་ངོ་རྒོལ་བྱས་ཡོད་པ་རེད། རྗེས་སུ་བསང་ཆུ་རྫོང་གི་རྫོང་དཔོན་སོགས་དཔོན་རིགས་ཁག་ཅིག་ས་གནས་ལ་སླེབས་ཡོད་པ་དང། དགོང་དྲོར་བོད་མི་གཉིས་འཛིན་བཟུང་བྱས་ཡོད་པ་རེད་འདུག

ཡོང་ཁུངས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་།

ཐེངས་ 42207 བཀླགས་འདུག