Donate

ཨབ་བྲ་གསོད་པ་ཙམ་གྱིས་རྩྭ་ཐང་སྲུང་སྐྱོབ་མི་ཐུབ།

དེང་སང་རྒྱ་ནག་གཞུང་གི་བོད་མཐོ་སྒང་གི་རྩྭ་ས་དང་རྩྭ་ཐང་ཉམས་དམས་ནི་ཨབ་བྲ་ཁོ་ནར་ཁག་གཡོག་ནས། ཨབ་བྲ་གསོད་པའི་བྱེད་ཐབས་དང་ལས་འགུལ་རིམ་པ་ཞིག་སྤེལ་མུས་ཡིན་ཡང་། རྩྭ་ས་དང་རྩྭ་ཐང་ཉམས་དམས་ནི་གཞན་རྒྱུ་རྐྱེན་མང་པོ་ཞིག་ལ་རག་ལས་ཡོད་པ་རེད།
ཨབ་བྲ།དཔེར་ན། ཤིང་ནག་གཅོད་འབྲེག་དང་། གཏེར་ཁ་སྔོག་འདོན། ཁོར་ཡུག་འབག་བཙོག་རྐྱེན་པས་གནམ་གཤིས་ཚ་དྲོད་དང་། ཐན་སྐམ། ཆུ་ལོག་སོགས་ཀྱིས་གནོད་འཚེས་རྩ་ཐང་བྱེ་འགྱུར་དང་། གཞན་ཡང་། རྔོན་རྒྱག་དང་། སྨན་རྩྭ་བསྐོ་བསྒྲུབས་ཀྱིས་རྐྱེན་པས་རྩྭ་ཐང་ལ་ཕན་པའི་སྐྱེ་དངོས་སེམས་ཅན་རྩ་གཏོང་འགྲོ་བ། རྩྭ་ཐང་ཐོག་མེད་དུ་མི་རུང་བའི་སེམས་ཅན་རྟ་ནོར་ལུག་གསུམ་གྲངས་ཚད་བཟོས་པ་དང་། རྩ་ས་ལྕགས་རིས་བསྐོར་བ། རྩྭ་ཐང་གནོད་འཚེ་གཏོང་མཁན་གྱི་ཁ་གནོན་སེམས་ཅན་རྩ་གཏོང་བཏང་བ་བཅས་ཕྱོགས་མང་པོར་རག་ལས་པ་ཞིག་རེད།
༼ཕྱི་ལོ་ ༢༠༡༡ ལོར་མཚོ་སྔོན་འབྲོག་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་སློབ་གསོའི་བགྲོ་གླེང་སྐབས།༽
མཚོ་སྔོན་ཞིང་ཆེན་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་བྱེད་པ་བཀྲ་ཤིས་ཚེ་རིང་ལགས་ཀྱིས། “ཡུན་རིང་བའི་ཉམས་མྱོང་ལས་རྩྭ་སར་གཏོར་བརླག་གཏོང་མཁན་ཨ་བྲ་གཅིག་པུ་མ་ཡིན་སྙམ། ཨ་བྲ་དང་ཐོག་ནས་ཡོད་མོད་སྔོན་རྩྭ་སར་དེ་འདྲའི་གནོད་སྐྱོན་ཐེབས་མེད། ད་ལྟ་ཧ་ཅང་ཚབས་ཆེ། དུག་གིས་བསད་པས་སྲོག་ཆགས་གཞན་མང་པོའང་མེད་པར་གྱུར་འགྲོ།
གཉིས། གཞུང་ལམ་བསྐྲུན་པ་ལས་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད། གཞུང་ལམ་གྱི་འགྲམ་གཉིས་ཀྱི་རྨ་ཁ་ལས་ས་ཆ་རལ་རིལ་བྱུང་བཞིན་ཡོད་ལ། ལོ་རེ་ནས་ལོ་རེར་ཆེར་འགྲོ་བཞིན་ཡོད། དེ་ལ་དེང་རབས་རྩོམ་པ་པོ་གཅན་མེ་སྟག་གིསབཤད་པའི་ས་ཆེན་གྱི་པགས་ནད་ཞེས་པ་འདི་ལྟ་བུ་ཞིག་ལོས་ཡིན་སྙམ་པའི་སྣང་བ་ཡང་བཅོས་མིན་སྟེར།
གསུམ་པ། གཏེར་ཁ་མང་པོ་སྔོགས་པ་ལས་སའི་མདངས་ཡལ་བ་དང་བཅུད་ཤོར་བ། དེ་སླར་གསོ་བྱེད་ཀྱི་ཡང་མེད་པས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པ་ཚབས་ཆེ། དེ་བས་ཁོར་ཡུག་གི་གནོད་སྐྱོན་ཨ་བྲ་ཁོ་ན་མིན་པར་ཕྱོགས་མང་པོ་ཞིག་ནས་ཡོད་པ་རེད་”ཅེས་གསུངས་ཡོད།
ཡང་སྔོན་མགོ་ལོག་ཁུལ་ཡུལ་སྐོར་ལས་ཁུངས་ཀྱི་འགོ་གཙོ་མགོན་ལྷ་ལགས་ཀྱིས།
“མི་རིགས་རིག་གནས་ཀྱི་དགོངས་དོན་ལྟར་ན་ཡང་། ས་གང་བྱུང་དུ་མི་སློག་པ། ཆུ་གང་བྱུང་དུ་མི་རྙོག་པ། རྩི་ཤིང་གང་འདོད་དུ་གཅོད་མི་ཉན་པ་སོགས་ཁོར་སྲུང་འདུ་ཤེས་ཟབ། ང་ཚོས་གདན་དོན་ཞིབ་འཇུག་དང་རིག་པས་མ་དཔྱད་པས་གནད་དོན་མང་པོ་བྱུང་། དཔེར་ན། མགོ་ལོག་ས་ཆ་ནས་ཞིང་བཏབ་པ། ཕྱུགས་བཤའ་རྒྱུར་ཚད་བཟུང་བྱས་པས། མི་ལྟོགས་ནས་ཤི་བའི་ཚད་ལ་ཡང་སླེབས། སྤྱི་ལོ་ང་བརྒྱད་ནས་བཟུང་རྣམ་པ་མི་འདྲ་བའི་སྒོ་ནས་ཨ་བྲ་བསད། ཨ་བྲ་ལ་དུག་འཕེན་པའི་བྱེད་ཐབས་ལས། ཨ་བྲ་དང་ཨ་བྲ་ཡི་ཁ་གནོན་གྱི་སྲོག་ཆགས་མང་པོ་མེད་པར་གྱུར་པ་དང་། ཨ་བྲ་འཕེལ་ཁ་མགྱོགས་པ་དང་། གཉེན་པོ་འཕེལ་བ་དལ་བས་བྲ་གནོད་སྔར་ལས་ཀྱང་ཚབས་ཆེན་དུ་གྱུར་བས། དུག་གིས་ཨ་བྲ་གསོད་པ་ནི་ཐབས་ཤེས་ཡག་པོ་མ་ཡིན་ལ། རྩྭ་སར་ཡང་མི་ཕན་པར་འདོད།
སྐྱེ་ཁམས་ཀྱི་ཕྱོགས་ནས་དབྱར་རྩྭ་དགུན་འབུ་རྐོ་བར་ལོ་མང་པོར་བཀག་འགོག་བྱས་མོད་རྐོ་མཁན་རྒྱུན་མ་ཆད། སྲིད་གཞུང་རིམ་པས་ཕྱི་ཚུལ་ནས་ཐབས་སྣ་ཚོགས་ཀྱིས་བཀག་མོད་འོན་ཀྱང་ཁོར་ཡུག་སྲུང་སྐྱོང་ལ་ནུས་པ་ཅུང་ཟད་ཀྱང་ཐོན་མེད། དེ་བས་ངས་བསམ་ན་མང་ཚོགས་ཀྱི་སེམས་སུ་ཡང་དག་པའི་ཁོར་ཡུག་སྲུང་སྐྱོང་གི་ལྟ་བ་སྐྱེད་རྒྱུ་གལ་ཆེ། མགོ་ལོག་གི་གཏེར་ཁ་སྔོགས་འདོན་གྱི་ཚབས་ཆེ་ཡང་ས་གནས་མང་ཚོགས་ལ་ཡོང་སྒོ་ཧ་ཅང་ཉུང་། འདི་ཕྱོགས་ལ་ཡང་ཚང་མའི་བསམ་བློ་གཏོང་དགོས་སྙམ། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱང་ས་གནས་ཀྱི་གནས་བབ་དང་དགོས་མཁོ་ལ་བསམ་ནས་གཏན་འཁེལ་བྱེད་པའི་གྲོས་གཞི་འདོན་དགོས། འབྲོག་པའི་ཕྱུགས་གྲངས་ཇེ་ཉུང་དུ་གཏོང་བ་ནི་འབྲོག་པའི་འཚོ་བ་དངོས་དང་མི་མཐུན། མང་ཚོགས་ཚང་མས་ཁྲིམས་ལུགས་ཀྱི་གོ་རྟོགས་ཞན་པས་འབྲེལ་ཡོད་ལས་ཁུངས་དག་གིས་བརྒྱུད་སྒྲོག་ལེགས་པོ་བྱེད་དགོས། ཚུལ་དང་མཐུན་པའི་ལམ་ནས་གཏེར་ཁ་སྔོགས་འདོན་བྱས་ན་དམངས་ཀྱི་འཚོ་བ་ལ་ཡང་ཕན་ཐོག་ཡོད་པས། ཚད་ལས་མི་བརྒལ་བ་ཧ་ཅང་གལ་ཆེ་བར་སྙམ་”ཅེས་གསུངས་འདུག
འོན་ཀྱང་རྒྱ་ནག་གཞུང་གིས་རྩྭ་ཐང་སྲུང་སྐྱོབ་ཆེད་ཨབ་བྲ་ཁོ་ན་རྩ་མེད་གཏོང་ཐབས་ལམ་ལུགས་དང་ལག་བསྟར་འདི་ལྟར་བྱས་དང་བྱེད་མུས་ཡིན་སྟེ།
རྒྱ་ནག་གཞུང་གིས། ཨབ་བྲ་དང་འཕྱི་ཕིག་གཉིས་ཀྱིས་རྩྭ་ཐང་ལ་གནོད་སྐྱོན་ཆེན་པོ་ཐེབས་ཀྱིན་ཡོད་པས་ཨབ་བྲ་མེད་པར་བཟོ་ཐབས་མང་པོ་ཡོད་པ་ལས་དངོས་ཁམས་ལ་བརྟེན་ནས་ཨབ་བྲ་མེད་པར་བཟོ་ཐབས་དང་། རྫས་འགྱུར་ལ་བརྟེན་ནས་ཨབ་བྲ་མེད་པར་བཟོ་ཐབས། སྐྱེ་ཁམས་རིག་པར་བརྟེན་ནས་ཨབ་བྲ་མེད་པར་བཟོ་ཐབས། འབྱུང་ཁམས་རིག་པར་བརྟེན་ནས་ཨབ་བྲ་མེད་པར་བཟོ་ཐབས་བཅས་ཐབས་བཞི་ཙམ་ལ་བརྟེན་ནས་ཨབ་བྲ་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད།

 

ཐེངས་ 42241 བཀླགས་འདུག