Donate

CITIES སྐྱེ་དངོས་ཉོ་ཚོང་སྐོར་གྱི་ཁྲིམས་ཡིག་ངོ་སྤྲོད་གཅེས་བཏུས།

རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་ཁྲིམས་བཟོའི་ལྷན་ཚོགས་འདི་ཕྱི་ལོ་ ༡༩༧༤ ཟླ་ ༣ ཚེས་ ༣ ཉིན་གསར་འཛུགས་བྱས་ཡོད་པ་དང༌། ལྷན་ཚོགས་འདིར་ད་ལྟའི་ཆར་ཚོགས་མི་རྒྱལ་ཁབ་ ༡༧༢ ལྷག་ཡོད་པས། དམིགས་ཡུལ་གཙོ་བོ་ནི་རྒྱལ་སྤྱིའི་ནང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་དང་འབྲེལ་དེ་རིགས་ཀྱི་ཉོ་ཚོང་རིགས་

ཁྲིམས་མཐུན་ཚུལ་ལྡན་དང་དགོས་ངེས་རིགས་ལས་དོན་བྱེད་བཞིན་ཡོད་ལ། མིག་སྔར་རྒྱལ་སྤྱིའི་ནང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་གྲངས་ ༥་༠༠༠ དང་སྐྱེ་དངོས་རྩི་ཤིང་ ༢༨༠༠༠ ལྷག་ཙམ་སྟོངས་ལ་ཉེ་བའི་གནས་སུ་ཡོད་པ་ངོས་འཛིན་དང་འབྲེལ་ཐོ་འགོད་བྱས་ཡོད་ཅིང༌། སྲུང་སྐྱོབ་ཀྱི་ལས་དོན་བྱེད་ཕྱོགས་ཐད་ཛ་དྲག་ཆེ་ཆུང་ལ་གཞིགས་པའི་རིམ་པ་དང་པོ་ནས་གསུམ་པ་བར་ཡོད་པ་རེད། ལྷན་ཚོགས་འདིའི་ལས་ཁུངས་ཨ་མ་དེ་སུད་སི་གྲོངས་ཁྱེར་ཇིན་ནེ་ཝར་ཡོད་པ་དང༌། རྒྱལ་སྤྱིའི་ནང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་བྱེད་མཁན་ཚོགས་པ་ཆེ་ཤོས་ཤིག་ཡིན་པ་རེད། ད་ཕན་རི་སྐྱེ་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་ཆེད་ཉོ་ཚོང་བཀག་སྡོམ་གྱི་ཁྲིམས་ཡིག་དོན་ཚན་ཉེར་ལྔ་ཅན་ཞིག་གཏན་འབེབས་བྱས་ཡོད་པ་དང༌། ཁྲིམས་ཡིག་དེ་ཚོགས་ཁོངས་རྒྱལ་ཁབ་ཚང་མས་ལག་བསྟར་དོན་འཁྱོལ་བྱེད་དགོས་ཀྱི་ཡོད་པ་རེད། ཁྲིམས་ཡིག་དེའི་དོན་ཚན་གཉིས་པའི་གཞི་རྩའི་རྩ་འཛིན་ནང་འཁོད་དོན་ལྟར་ན།

༡༽ ཚོང་ལས་ཀྱིས་རྐྱེན་པས་རྫོགས་ཉེན་དུ་གྱུར་པའི་སྐྱེ་དངོས་རིགས་རྣམས་ཟུར་བཀོད་དོན་ཚན་དང་པོར་གསལ་བཤད་བྱ་རྒྱུ། དམིགས་བསལ་གྱི་གནས་སྟངས་འོག་མ་གཏོགས་སྟོངས་ལ་ཉེ་བའི་སྲོག་ཆགས་དང་རྩི་ཤིང་གི་རིགས་ཀྱི་འབྱུང་འགྱུར་གྱི་འཚོ་གནས་ལ་ཉེན་ཁ་མི་འབྱུང་བའི་ཆེད་དུ་ཁྲིམས་ཀྱིས་དབང་སྒྱུར་དམ་པོ་བྱེད་དགོས།
༢༽ ཟུར་བཀོད་དོན་ཚན་གཉིས་པར་བཀོད་རྒྱུ་ནི།
ཀ༽ སྐྱེ་དངོས་རིགས་གང་ཞིག་ད་ལྟ་རྫོགས་ཉེན་དུ་གྱུར་པའི་ངེས་པ་མེད་ན་ཡང༌། སྐྱེ་དངོས་རིགས་ཀྱི་འཚོ་གནས་དང་མཐུན་ཐབས་བྲལ་བའི་བེད་སྤྱོད་ལས་གཡོལ་ཐབས་སུ། དེ་རིགས་ཀྱི་ཚོང་ལས་ལ་ཁྲིམས་ཀྱི་སྟངས་འཛིན་དམ་པོ་མ་བྱས་ན་སྐྱེ་དངོས་དེ་དག་རྫོགས་ཉེན་དུ་འགྱུར་བའི་ཉེན་ཁ་ཡོད།
ཁ༽ དོན་ཚན་འདིའི་ནང་གསེས་དུམ་ཚན་ཀ་པར་ཁུངས་གཏུགས་པའི་སྐྱེ་དངོས་རིགས་གཞན་དག་གི་ཚོང་འབྲེལ་བཀག་སྡོམ་བྱ་བར་ངེས་པར་དུ་ཁྲིམས་ཀྱི་སྟངས་འཛིན་དམ་པོ་བྱེད་དགོས་པའི་སྐྱེ་དངོས་རིགས་གཞན།
༣༽ མོས་མཐུན་ཡོད་པའི་རྒྱལ་ཁབ་ཁག་གིས་ངོས་འཛིན་བྱས་པའི་རྫོགས་ཉེན་ཅན་གྱི་སྐྱེ་དངོས་རྣམས་ཚོང་ལས་ཁྲོད་ལོག་སྤྱོད་བྱེད་པར་སྔོན་འགོག་དང་དམ་དྲག་བྱ་ཆེད་རྒྱལ་ཁབ་དེ་དག་གིས་མཉམ་རུབ་བྱ་དགོས།
༤༽ ད་ལྟའི་གྲོས་ཆོད་འདིའི་དམིགས་བསལ་གྱི་དབང་ཚད་འོག་མ་གཏོགས། མཐུན་ཚོགས་རྒྱལ་ཁབ་ཚོས་དོན་ཚན་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་ནང་གསལ་གྱི་སྲོག་ཆགས་དང་ཉེ་རིགས་རྣམས་ཚོངགཉེར་བྱེད་མི་ཆོག་ཅེས་དང༌།
དེ་བཞིན་ཁྲིམས་ཡིག་དེའི་དོན་ཚན་གསུམ་པའི་ནང་ཟུར་བཀོད་དོན་ཚན་དང་པོ་དང༌། དོན་ཚན་བཞི་པའི་ཟུར་བཀོད་དོན་ཚན་གཉིས་པ། དོན་ཚན་ལྔ་པའི་ཟུར་བཀོད་དོན་ཚན་གསུམ་པ་བཅས་ནང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཕྱི་ཚོང་དང་ནང་འདྲེན་བྱེད་ཕྱོགས་སྐོར་ཡིན་པ་དང༌། དེ་དག་ནང་འདྲེན་དང་ཕྱི་ཚོང་བྱེད་མཁན་རྒྱལ་ཁབ་སོ་སོའི་ནང་ཁྲིམས་མཐུན་གྱི་ཡིག་ཆ་བཟོས་ཏེ་དེ་དག་གི་སྲུང་སྐྱོབ་དང༌། བདེ་འཇགས། གནོད་སྐྱོན་སོགས་ཀྱི་ཐད་འགན་ལེན་ཆ་ཚང་བྱེད་དགོས་པ་མ་ཟད། རྒྱལ་ཁབ་ཕན་ཚུན་གཉིས་ཀའི་མོས་མཐུན་ཆ་ཚང་ཡོད་དགོས་པ་དང༌། ལྷག་པར་སྲོག་ཆགས་དང་སྐྱེ་དངོས་དེའི་རིགས་ནང་འདྲེན་དང་ཕྱི་ཚོང་བྱེད་པར་རྒྱལ་ཁབ་དེའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཁྲིམས་གཞི་མཐུན་པ་དགོས་ཀྱི་ཡོད་པ་སོགས་འཁོད་ཡོད་པ་རེད། དེ་བཞིན་ཁྲིམས་ཡིག་དེའི་ནང་ཆོག་མཆན་དང་ངོ་སྦྱོར་ཞུ་ཕྱོགས། ཚོང་འབྲེལ་ཆག་ཡང་དང་དམིགས་བསལ་དབང་ཚད་གཞན། མཐུན་ཚོགས་རྒྱལ་ཁབ་ཁག་གིས་འཛིན་པའི་སྒྲིག་གཞི། དོ་དམ་ལྷན་ཁང་དང་ཚན་རིག་དབང་འཛིན་སྡེ་ཚན། གྲོས་ཆོད་འདིའི་མཐུན་ཚོགས་མ་ཡིན་པའི་རྒྱལ་ཁབ་ཁག་གི་ཚོང་འབྲེལ། མཐུན་ཚོགས་ཀྱི་ཚོགས་འདུ། མཐུན་ཚོགས་ཀྱི་འཛིན་སྐྱོང་ལས་ཁུངས། རྒྱལ་སྤྱིའི་ཁྲིམས་གཞི། རྒྱལ་ནང་ཁྲིམས་བཟོ་དང་རྒྱལ་སྤྱིའི་གྲོས་ཆོད་ལ་ཤུགས་རྐྱེན་ཐེབས་ཚུལ། ཟུར་བཀོད་དོན་ཚན་དང་པོ་དང་གཉིས་པའི་བསྐྱར་བཅོས། ཟུར་བཀོད་དོན་ཚན་གསུམ་པ་དང་དེའི་བསྐྱར་བཅོས། གྲོས་ཆོད་བསྐྱར་བཅོས། རྩོད་རྙོག་ཐག་གཅོད་གཏན་འབེབས་བྱེད་ཕྱོགས་སོགས་འཁོད་ཡོད་པ་རེད། ཁྲིམས་ཡིག་འདི་རྒྱལ་སྤྱིའི་ནང་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ། དེ་བཞིན་ཉོ་ཚོང་བྱེད་ཕྱོགས་ཀྱི་ཁྲིམས་ཡིག་གལ་ཆེན་ཞིག་ཡིན་པ་རེད། ཁྲིམས་ཡིག་འདི་གངས་དཀར་ཏི་སེ་ཁོར་ཡུག་གོ་རྟོགས་ལས་འགུལ་ཁང་གིས་དབྱིན་ཡིག་ནས་ཕབ་སྒྱུར་བྱས་པའི་དེབ་ཆུང་¿རྒྱལ་སྤྱིའི་ནང་སྟོང་ཉེ་ཅན་གྱི་སྲོག་ཆགས་དང་རྩི་ཤིང་ཚོང་འབྲེལ་ཐད་བཞག་པའི་གྲོས་ཆོད་¿ལས་གཅེས་བཏུས་བྱས།།

ཐེངས་ 42187 བཀླགས་འདུག